ཏང་ལེགས་སྐྱོང་གི་སྣེ་ཁྲིད་འོག་ཐུན་མོང་དཔལ་འབྱོར་འཕེལ་སྟོབས་ཆེ།

( སྐལ་བཟང་རྒྱ་མཚོས་བསྒྱུར།)        2024-06-11

ཉེ་བའི་ལོ་ཤས་རིང་དཀར་མཛེས་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཏང་ལེགས་སྐྱོང་གིས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་ཤིང་གསོན་ཤུགས་སློང་བ་དང་། ཡུལ་བབ་དང་བསྟུན་ནས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་བ། ཐུན་མོང་དཔལ་འབྱོར“ཐོན་ལས་དང་གྲོང་ཚོ་མཉམ་འདྲེས”ཀྱི་འཕེལ་རྒྱས་རྣམ་པ་གསར་པ་བཏོད་ཡོད། རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་སོ་སོའི་ཐུན་མོང་དཔལ་འབྱོར་རིམ་བཞིན་འཕེལ་རྒྱལ་ཆེན་པོ་བྱུང་སྟེ་མེད་པ་ནས་ཡོད་པ་དང་ཉམ་ཆུང་ནས་སྟོབས་ལྡན་དུ་གྱུར་ཡོད།

སྲོལ་རྒྱུན་ལས་རིགས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཚྭ་ལུང་ཡུལ་ཤོག་ཏང་ཨུས་རང་ཡུལ་གྱི་གནས་ཚུལ་ལ་གཞིགས་ཤིང་དུས་བབ་དང་བསྟུན་ནས་སྐྱེ་ཁམས་ཁྱད་ཆོས་མངོན་གསལ་དོད་པོའི་གྲོ་མའི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་སྐྱེ་ཁམས་ལྗང་མདོག་གི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱུན་འཁྱོངས་ཡོད། ཏང་གི་གཞི་རིམ་རྩ་འཛུགས་སྟོབས་ལྡན་དུ་གཏོང་བ་དང་། ཆེས་རྒྱ་ཆེ་བའི་མང་ཚོགས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པར་བརྒྱུད། ཀྲི་པུའུ་ཡིས་སྣེ་ཁྲིད་དང་ཏང་མིས་དཔེ་སྟོན། ཞིང་དུད་ཞུགས་པ་བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་སྟེ་གྲོང་ཚོ་ཁག་གི་ཏང་ཀྲི་པུའུ་ཡིས་ཐུན་མོང་དཔལ་འབྱོར་ལ་སྣེ་ཁྲིད་ཏེ་གཞི་ཁྱོན་ལྡན་པའི་གྲོ་མའི་འདེབས་འཛུགས་ཀྱི་ཁྱད་ལྡན་ཐོན་ལས་གཉེར་ཡོད། གྲོ་མ་འདེབས་འཛུགས་ལས་ལོ་རེ་བཞིན་ཐུན་མོང་དཔལ་འབྱོར་ལ་ཐད་ཀར་ཡོང་འབབ་སྒོར་ཁྲི10.5ལས་མི་ཉུང་བ་ཡོང་བ་དང་། ཁྱིམ་ཚང་ལ་ཆ་སྙོམས་ཡོང་འབབ་སྒོར520རག་གི་ཡོད།

བློ་རིག་དང་ནུས་པ་གཅིག་ཏུ་བསྡུས་ནས་ནུས་པ་གསར་པ་གསོ་སྐྱོང་བྱས། ཐང་ཁ་ཡུལ་ཤོག་གི་ཏང་ཨུས་ཀྲི་པུའུ་བརྒྱ་ཤོག་ཏུ་བཙུགས་པའི་སྙིང་སྟོབས་བསྐྱངས་ནས་ཏང་ཀྲི་པུའུ་ཐོན་ལས་འབྲེལ་ཐག་ཏུ་བཙུགས་པ་དང་། ཏང་མི་ཐོན་ལས་འབྲེལ་ཐག་ཏུ་འདུས་པ། མང་ཚོགས་ཐོན་ལས་འབྲེལ་ཐག་ཏུ་ཕྱུག་པ་བཅས་ཀྱི་ལས་སྟངས་སྤྱད་དེ་ཐང་ཁ་ཡུལ་ཤོག་གི་སྦྲང་མ་གསོ་སྤེལ་རྟེན་གཞི་བཙུགས་པ་དང་། ཚན་རིག་དང་མཐུན་པའི་གསོ་སྤེལ་ལག་རྩལ་སྦྱངས་ཏེ་རིམ་བཞིན་སྦྲང་རྩི་ཐོན་རྫས་ཞིབ་ཚགས་དང་ལེགས་སུ་བཏང་ཞིང་སྦྲང་རྩི་གཙོ་བོར་བྱེད་པའི་ཞོར་འབྱུང་ཐོན་རྫས་མུ་མཐུད་དེ་གཉེར་ཏེ། ཀྲི་པུའུ་ཡིས་སྣེ་ཁྲིད་པ་དང་སྤྱི་གཉེར་ཁང་གིས་བདག་གཉེར་བྱེད་པ། ཏང་མི་མང་ཚོགས་ནང་དུ་ཞུགས་པ་བཅས་ཀྱི་དམངས་ཕྱུག་ལམ་བུ་གསར་པ་ཞིག་བཏོད་ཡོད། ད་སྔར་རྟེན་གཞིར་སྦྲང་ཚང200ལྷག་གསོས་པ་དང་ལོ་རེར་སྦྲང་རྩི་སྤྱི་རྒྱ3000ལྷག་ཐོན་གྱི་ཡོད་པ་རེད། 2023ལོར་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་སྒོར་ཁྲི14.1ལོན་པ་དང་ཁྱིམ་ཚད་རེར་ཆ་སྙོམས་ཁེ་སྤོགས་སྒོར900ལྷག་བགོས་ཐུབ་པ་བྱུང་ཡོད། ཕྱིན་ཆད། ཡུལ་ཤོག་དེས་ཀྲི་པུའུ་ཡི་སྣེ་ཁྲིད་ནུས་པ་མུ་མཐུད་བཏོན་ནས་སྦྲང་རྩིས་གཙོས་པའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏང་བ་དང་སྦྲང་རྩི་ལེན་པའི་མྱོང་རོལ་གླིང་ག་དང་སྦྲང་མ་གསོ་མཁན་གྱི་ལག་རྩལ་གསོ་སྦྱོང་རྟེན་གཞི་འཛུགས་གྲབས་ཡོད།

ཐོན་ལས་གསར་གཏོད་ཀྱི་ལེ་ཚན་གསར་པ་བྲིས། སྟོང་ཁོག་ཡུལ་ཤོག་གི་ཏང་ཨུས་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེ་རུ་བཏང་སྟེ་ཀྲུང་དབྱང་དང་ཞིང་ཆེན་གྱིས་མ་དངུལ་སྤྲོད་པ། ཁུལ་དང་རྫོང་གིས་ཐོན་ཁུངས་སྤྲོད་པ། འབྲོག་པའི་མང་ཚོགས་ལ་ཕན་འབྲས་དངོས་སུ་ཐོབ་པ་བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པ་དང་། གངས་ལྗོངས་མཁའ་དབྱིངས་ཞེས་པའི་ནོར་གནག་ལས་སྣོན་རྟེན་གཞི་བསྐྲུན་ཏེ་དེང་རབས་ཅན་གྱི་ནོར་གནག་ལས་སྣོན་གྱི་སླད་མེད་ཐོན་ལས་བསྐྲུན། སྟོང་ཁོག་ལག་བཟོས་ཞེས་པའི་རིག་གནས་ཡུལ་སྐོར་གྱི་ཟོང་རྟགས་ཕན་ནུས་ལ་བརྟེན་ནས་སྤུས་ལེགས་ཟོག་ཤའི་ཐོན་རྫས་བཟོས་ཏེ་སྟོང་ཁོག་ལྷ་གཡག་ཅེས་པའི་སླད་མེད་ཟོག་ཤའི་ཁྱད་ལྡན་ཟོང་རྟགས་གཉེར། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་སྟེ་གེ་སར་རྒྱལ་པོའི་མཁར་རྫོང་དང་དགོན་པའི་ཞབས་གནའ་གྲོང་སོགས་ལྗོངས་ཁུལ་དང་དྲྭ་ཐོག་བརྒྱུད་ནས“དམིགས་འཛུགས་སྒོ་རྩིས་ཚོང་ཁང་དང་ཡུལ་སྐོར་ལྗོངས་ཁུལ། དྲྭ་ཐོག་ཚོང་ཁང”བཅས་ཟུང་དུ་སྦྲེལ་བའི་ཐབས་སྤྱད་དེ་ཐོན་རྫས་ཉོ་ཚོང་བྱས་པ་རེད། ད་སྔར། སྟོང་ཁོག་ལྷ་གཡག་ཅེས་པའི་ཟོག་ཤ་ལས་སྣོན་ཐུན་མོང་དཔལ་འབྱོར་གྱི་ཐོན་ལས་རིམ་བཞིན་འཐུས་ཚང་དུ་ཕྱིན་ནས་ལོ་རེར་ཕན་འབྲས་སྒོར་ཁྲི5ལ་ཟིན་པ་དང་ལོ་རེའི་མི་རེའི་ཆ་སྙོམས་ཁེ་སྤོགས་སྒོར100ལ་ཟིན་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:སྤུས་ཚད་མཐོ་བའི་འབྲི་ཆུ་དང་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་གྱི་དུམ་མཚམས་བསྐྲུན་དགོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།