བྱིས་པ།

༼ ལྡེའུ་ནག། ༽        2024-06-05

བྱིས་པ་མངོན་འདོད་ཅི་ཡང་མེད་པའི་གྲོག་མ་ཡིན། །

བྱིས་པ་བཤད་ཀྱང་འཛིན་པ་མེད་པའི་ལྗོན་པ་ཡིན། །

བྱིས་པ་དངོས་རྣམས་མཛེས་པར་ལྟ་བའི་སྐྱེ་བོ་ཡིན། །

བྱིས་པ་ང་ཚོའི་མེ་ལོང་ནང་གི་གཟུགས་བརྙན་ཡིན། །

བྱིས་པ་སྡིགས་ཀྱང་འཛུམ་པའི་སོ་ཕྲེང་ངོམ་མཁན་ཡིན། །

བྱིས་པ་གཡང་གཟར་ངོས་སུ་འབབ་པའི་གཙང་པོ་ཡིན། །

བྱིས་པ་ཡིད་འོང་འཇའ་ཚོན་གསར་པའི་ཁ་དོག་ཡིན། །

བྱིས་པ་ཞེ་འདང་ཟླ་བ་སྨིན་པའི་མཛེས་སྡུག་ཡིན། །

བྱིས་པ་མཐོང་ན་མི་མཐུན་མེད་པའི་ཡུལ་ལྗོངས་ཡིན། །

བྱིས་པ་ཉི་འོད་མདངས་སུ་འཚེར་བའི་གངས་རི་ཡིན། །

བྱིས་པ་ལྷུང་ལྷུང་དལ་གྱི་འབབ་པའི་གཙང་པོ་ཡིན། །

བྱིས་པ་སྦྲང་ཆར་ཟམ་ཟིམ་ཀློང་གི་མེ་ཏོག་ཡིན། །

བྱིས་པ་རྣོ་སྦྲེང་སྐུད་པའི་གྲིམ་ལྷོད་སྙན་མོ་ཡིན། །

བྱིས་པ་མཚར་སྡུག་མེ་ཏོག་ཐོགས་པའི་གཞོན་པ་ཡིན། །

བྱིས་པ་བདག་འཛིན་སྤྱོད་པ་དབུལ་བའི་ཐོ་ཡོར་ཡིན། །

བྱིས་པ་པྲག་ཚག་རང་གཤིས་གོམས་པའི་སྤྲེའུ་རྒྱུད་ཡིན། །

བྱིས་པ་བརྗིད་ཆགས་ཡིད་གར་འོང་བའི་ཟླ་བ་ཡིན། །

བྱིས་པ་མ་འོངས་གླིང་ག་གཏང་བའི་ཡུལ་ལྗོངས་ཡིན། །

བྱིས་པ་གནམ་ས་འོད་ཀྱིས་ཁྱབ་པའི་གོང་བུ་ཡིན། །

བྱིས་པ་གཡུང་དྲུང་པ་ཏྲ་བསླས་པའི་རི་མོ་ཡིན། །

བྱིས་པ་སེམས་ཁམས་ཞི་དུལ་ཡིན་པའི་དཔའ་རྟུལ་ཡིན། །

བྱིས་པ་དབྱར་གྱི་ཟླ་བ་ལྔ་བའི་མཛེས་སྡུག་ཡིན། །

བྱིས་པ་རེ་བ་ཕུགས་བསམ་མང་པོའི་བདག་པོ་ཡིན། །

བྱིས་པ་མི་རབས་རྗེས་མ་དག་གི་རྒྱུད་འཛིན་ཡིན། །

བྱིས་པ་དབྱངས་གསལ་སོ་བཞིའི་ཁྲོད་ཀྱི་ཕྱེ་ལེབ་ཡིན། །

བྱིས་པ་བརྡ་སྤྲོད་གཞུང་ལུགས་འོག་གི་ལྕུག་ཕྲན་ཡིན། །

བྱིས་པ་ལྷག་བསམ་སྤྱོད་པ་བཟང་པོའི་ས་བོན་ཡིན། །

བྱིས་པ་དྲང་བདེན་རྗེས་སུ་སྙེག་པའི་གཟུ་བོ་ཡིན། །

བྱིས་པ་ཕ་མའི་བྱམས་སྐྱོང་འོག་གི་ལྗོན་པ་ཡིན། །

བྱིས་པ་རྨི་ལམ་བརྒྱ་ཕྲག་མང་པོའི་བདག་པོ་ཡིན། །

བྱིས་པ་ཁུ་སིམ་ལྷིང་འཇགས་དགའ་བའི་རི་དྭགས་ཡིན། །

བྱིས་པ་ཅུང་ཟད་སྡོད་མི་ཚུགས་པའི་རླུང་བུ་ཡིན། །


  • ལེ་ཚན་སྔོན་མ།:ན་ཆུང་བྱིས་པ་ཚོར་སྤྲིངས་པའི་རུས་པའི་སྐད་བརྡ།
  • ལེ་ཚན་རྗེས་མ།:རེ་སྐུལ་ཀློང་གི་དབྱངས་རྟ།