༼ བྱང་སྐྱ་རེངས། ༽ 2024-05-29
ཚེ་འདིར་མི་འབྲལ་ཡིད་ཆེས་བླ་མར་གཏད་ན།།
ཕྱི་མར་མི་འགྱུར་སྨོན་ལམ་དབང་ལ་བཅོལ་ན།།
དབང་སྐུར་མན་ངག་གནང་བའི་བླ་མའི་དྲུང་དུ།།
ལྷ་བུམ་ལུས་བུམ་བྱེད་པའི་ལས་འཕྲོ་ཨེ་ཡོད།།
གསོན་ན་ཁྱིམ་གཅིག་རྣལ་འབྱོར་སྙན་ལ་ཞུས་ན།།
ཤི་ན་དུར་གཅིག་ཁ་ཆད་མགུར་ལ་བཞེངས་ན།།
རྣམ་ཤེས་མགུར་དུ་འདྲེན་པའི་རྣལ་འབྱོར་མདུན་དུ།།
རྐང་གླིང་ཐོད་ཕོར་བྱེད་པའི་སྨོན་ལམ་ཨེ་ཡོད།།
ཚེ་རབས་ཕྲེང་བའི་བར་ཆད་ལྷ་ལ་ཞུས་ན།།
སྔོན་བསགས་ལས་ཀྱི་བྱས་ཉེས་ཆོས་ཀྱིས་བསལ་ན།།
དམ་ཆོས་ཚེ་ལ་གསུང་བའི་དགེ་སློང་ཕྱག་གི།།
རྡོ་རྗེ་དྲིལ་བུ་བྱེད་པའི་བསོད་ནམས་ཨེ་ཡོད།།
ཐར་བར་དད་པས་ཐལ་མོ་ཟུང་གཅིག་སྦྱར་ན།།
དམྱལ་བར་འཇིགས་པས་ངེས་ཤེས་ཆ་གཅིག་འདྲོངས་ན།།
ལྷ་ཁང་གཅིག་ལ་བཞེངས་པའི་ལྡེབས་རིས་ངོས་ཀྱི།།
ལྷ་དང་ལྷ་མོ་བྱེད་པའི་ལས་དབང་ཨེ་ཡོད།།
མདུན་མའི་རྨི་ལམ་མཚོ་མོ་དབྱར་ལ་བསྐྱིལ་ན།།
བར་ཆད་གོད་ཆགས་དར་ཁ་དགུན་གྱིས་བསྒྲིགས་ན།།
མཚོ་མཐའ་ལྷན་དུ་སྐོར་བའི་ངང་བ་ཆ་ཡི།།
ལུས་ཀྱི་གཤོག་ཟུང་གཡར་བའི་རང་དབང་ཨེ་ཡོད།།
དམ་ཚིག་གཙང་མའི་བདུད་རྩི་གཅིག་ཏུ་བསྙལ་ན།།
ཡིད་ཆེས་འཛུབ་མོའི་མཆོད་ཁ་མཉམ་དུ་འཕངས་ན།།
ཆང་མ་ཡེ་ཤེས་མཁའ་འགྲོའི་ཆང་ཕོར་ཐོག་གི།།
རྨ་འབྲུག་ཁ་སྤྲོད་བྱེད་པའི་རྟེན་འབྲེལ་ཨེ་ཡོད།།
ཡིད་ཀྱི་སྙིང་གཏམ་རི་མོ་ཡི་གེར་བྲིས་ན།།
ངག་གི་སྲིད་པའི་མཛའ་གཞས་དབྱངས་སུ་གྱེར་ན།།
རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ནང་གི།།
དབྱངས་དང་གསལ་བྱེད་བྱེད་པའི་རྨི་ལམ་ཨེ་ཡོད།།
སྡང་བའི་དགྲ་ལ་གོ་མཚོན་གཡུལ་ལ་འཛོམས་ན།།
བྱམས་པའི་མི་ལ་ངང་བ་མཚོ་ལ་མཐུན་ན།།
གླིང་དཀར་སྟོད་ཀྱི་གེ་སར་འབྲུག་མོའི་སྒྲུང་གི།།
གཏམ་རྒྱུད་ཕྱི་མ་འབྲི་བའི་ལོ་ཟླ་ཨེ་ཡོད།།
ཡིད་གཅུགས་མཛའ་བ་ཤིང་དང་ཡལ་གར་གྲུབ་ན།།
ན་ཚོད་གཞོན་པའི་ལོ་འདབ་མཉམ་ཏུ་རྒྱས་ན།།
གཞིས་ཁྱིམ་གཅིག་གིས་ཕུབ་པའི་མགོ་ཁང་གྲུ་བཞིར།།
ཀ་བ་གདུང་མ་བྱེད་པའི་གོ་སྐབས་ཨེ་ཡོད།།
མི་ཚེའི་སྟོན་མཇུག་བ་མོ་མ་བསླེབ་བསྡད་ན།།
མི་ཁའི་རླུང་དང་བསེར་བུ་མ་ལྡང་བསྡད་ན།།
སྐྱེད་ཚལ་ལྷུག་པོར་གྲོལ་བའི་ལྡུམ་ར་གཅིག་ནས།།
གཡུ་སྦྲང་མེ་ཏོག་བྱེད་པའི་སྐལ་བ་ཨེ་ཡོད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10