འབྲོག་ཐང་གི་ཟིན་ཐོ་སྐྱ་བྲིས།

        2024-05-20

མཆོད་བརྗོད།

སྙན་པའི་དབྱངས་ལས་རྒྱལ་བའི།།

ངག་དབང་དབྱངས་ཀྱི་ལྷ་མོ།།

སྙན་ཚིག་པདྨའི་རོལ་མོར།།

དངོས་གྲུབ་དབྱངས་འགྲོས་སྩོལ་ཅིག།

གཞུང་དངོས།

མཐོན་པོ་གངས་ཀྱི་དབུ་རྩེར།།

དར་ལྕོག་ལྷབ་ལྷུབ་བསྐྱོད་བྱུང་།།

དར་ལྕེ་ཟད་ཀྱང་མི་སྐྱོན།།

སྨོན་ལམ་རླུང་རྟ་སྤུར་ཡོད།།

རྟ་ལ་ཐོང་སྡོམ་བཏགས་ཤིང་།།

ཕྱུགས་ཟོག་ལྷས་སུ་བསྐོར་ཚུལ།།

བཤད་ན་ཚོར་བའི་ནོམ་ཡིན།།

ཡང་ན་སྲིད་པའི་སྒྲུང་ཡིན།།

དབྱར་ཟླ་དྲུག་པ་སླེབས་ནས།།

གོམ་ཆུང་དབྱར་སར་བསྒྱུར་ཚུལ།།

སྟོང་ལུག་མཐའ་ནས་བསྐོར་ཏེ།།

ལ་རིང་ལ་ཐུང་བརྒྱུད་ལུགས།།

མ་གླེང་ཆོག་ཆོག་འདྲ་ཡང་།།

གླེང་འདོད་ཞེ་ནས་སྐྱེས་བྱུང་།།

ཚོར་བ་ཞིམ་ཞིམ་བསྒུལ་ནས།།

ཚིག་གི་མེ་ཏོག་གཏོར་འདོད།།

སྦྲ་ནག་སྤང་དུ་ཕུབ་རྗེས།།

འོ་མས་མཆོད་ཅིག་བཏང་སྟེ།།

ལྷ་ཀླུ་གཉན་གསུམ་ཀུན་ལ།།

བཀྲ་ཤིས་རྟགས་ཤིག་སྟོན་ནོ།།

ཉིན་དེར་གཡང་ར་སྒོ་བཞི།།

ལྷས་རའི་འདབས་སུ་བསྐྱིལ་ཏེ།།

མཚེར་གསར་ལས་ཀ་ཙག་ཙིག།

ལྷན་དུ་འགྲུབ་པར་བྱེད་དགོས།།

ཕྱི་ཉིན་ནངས་ཇ་རོལ་རྗེས།།

ད་གཟོད་དབྱར་སའི་ས་གཞིར།།

རྫི་བོའི་རྡོག་ཆུང་ལེབ་མོ།།

སྙན་དབྱངས་ནང་ནས་འཇོག་དགོས།།

སྨུག་པ་ལང་ལོང་གསེབ་ཏུ།།

ཤྭ་བ་ཡུ་མོ་འདྲོགས་ཤིང་།།

རྫ་རི་མཐོན་པོའི་དབུ་རྩེར།།

འབྲོག་རྒོད་རྨིག་སྒྲ་ཐོས་ཡོང་།།

རྫི་བོས་ངག་ལ་བཀུག་པའི།།

ཨ་ཡང་ལ་མོ་སིང་སེར།།

འདོ་བའི་འཚེར་སྐད་སྙན་མོས།།

ཤར་གྱི་ཉི་གཞོན་བསུས་བྱུང་།།

བེའུ་ཆུང་ལྷས་ནས་འདེད་པའི།།

འབྲོག་མོའི་གོམ་སྟབས་མཐོང་བྱུང་།།

གོམ་སྟབས་ལྡེམ་ལྡེམ་ཀློང་དུ།།

ཚགས་དམ་བརྩོན་འགྲུས་ཚོར་བྱུང་།།

སྦྲ་སྒོར་ཉི་མར་ལྡེ་བའི།།

རྒན་རྒོན་བག་རེ་བྲོ་བ།།

རྩེ་དགོད་བྲག་ཅར་འཁོར་བའི།།

གཞོན་ཆུང་སྣང་བ་སྐྱིད་པ།།

ཉི་མ་སྲོད་ལ་སླེབས་དུས།།

ཕྱུགས་ཚོགས་ལྷོད་ལ་འཁོར་ཞིང་།།

རྫི་བོའི་ཡང་ལོང་ཁྲོམ་པ།།

སྦྲ་དང་ཉེ་བར་ཕྱིན་བྱུང་།།

འབྲོག་མོས་ཐང་ལྷའི་ནང་དུ།།

ཨོང་བ་སྒྱེ་ལ་བཅུག་སྟེ།།

ལྷན་ཅིག་སྤུངས་ནས་གྲུབ་རྗེས།།

གོམ་སྟབས་ཁྱིམ་ལ་བསྒྱུར་བྱུང་།།

ཇ་ཡུན་ཙམ་ཡང་མ་སོང་།།

ལྷོ་ཕྱོགས་སྤྲིན་པ་འཁྲིགས་བྱུང་།།

དགུང་སྟོད་གཡུ་འབྲུག་གྲགས་ཤིང་།།

ཆར་བ་ཟམ་ཟིམ་བབས་བྱུང་།།

ཧྲིག་ཧྲིག་རྩྭ་ལ་རོལ་བའི།།

གཡང་ར་སྒོ་བཞི་དཀྲོགས་བྱུང་།།

རི་ཤོད་སྨུག་པ་ཆད་ནས།།

སྦྲང་ཆར་འབབ་མཚམས་བཞག་བྱུང་།།

རི་བོ་འཛུམ་པའི་ཉམས་ཀྱིས།།

འཇའ་ཡི་སྐེ་རགས་བཅིངས་ཤིང་།།

ཉི་མ་བྲེལ་བའི་ཚུལ་གྱིས།།

ཟིལ་བར་ལྕེ་ལྡག་བྱས་བྱུང་།།

སྲོད་ཀྱི་ལྷས་འདབས་ཡོངས་སུ།།

རླངས་པ་དར་དཀར་འགུལ་འགུལ།།

གསེར་གཤོག་བོང་བ་མདངས་ལྡན།།

ལྷས་རར་གཤོག་གར་ངོམས་བྱུང་།།

སྦྲ་སྟོད་དུ་བ་ལྷོག་ལྷོག།

སྦྲ་སྨད་རླངས་པ་ཐོལ་ཐོལ།།

འབྲོག་མོ་སྦྲ་སྒོར་བུད་དེ།།

ཕྱག་ཡས་ཐོད་ལ་ཀེར་བྱུང་།།

འུར་ཆའི་ཆ་སྣེའི་ཐག་སྒྲ།།

འབྲོག་མོའི་རྣ་བར་ལྷུངས་སོང་།།

འབྲོག་མོ་ཁྱིམ་དུ་འཛུལ་ཏེ།།

ཐབ་ལ་མེ་སྒོང་བརྒྱབ་བྱུང་།།

མྱུར་མོར་རྒན་རྒོན་རྣམས་ལ།།

སྲོད་ཀྱི་དཀྲུགས་ཇ་བླུད་ཅིང་།།

གོ་འདབས་བྱིས་པ་དག་ལ།།

གོ་རེ་རྡོག་རེ་བྱིན་བྱུང་།།

ཕྱུགས་ཟོག་ལྷས་སུ་བསྐོར་ནས།།

རྫི་བོ་ཁྱིམ་དུ་འབྱོར་བྱུང་།།

འབྲོག་མོས་འཛུམ་ཆུང་དམུལ་ལེར།།

འོ་ཇ་དཀར་པོ་བླུགས་བྱུང་།།

གཟའ་མི་ལྷན་དུ་འཛོམས་ནས།།

སྲོད་ཀྱི་ཟས་མཆོག་རོལ་རྗེས།།

ན་གཞོན་གོམ་པའི་འདེགས་འཇོག།

ལྷས་རའི་ནང་དུ་བསྒྱུར་བྱུང་།།

དཀར་ནག་ཕྱུགས་ཀྱི་ཁྱུ་རྣམས།།

རི་ཤོད་ཁད་ཀྱིས་བཅད་དེ།།

ཡང་བསྐྱར་ལ་མོ་རྒྱག་ཚུལ།།

ལབ་ན་སྣང་བ་འགུལ་ཡོང་།།

ཤ་མར་ཐུད་ཀྱི་སྡེར་ཁ།།

གོ་འདབས་བསྐོར་ནས་བསྒྲིགས་ཏེ།།

སོས་དལ་ཁ་བརྡ་སྙན་མོས།།

དགུང་སྟོད་གསོས་པ་བག་བྲོ།།

དབྱར་ཟླ་ཟེར་བའི་དྲན་པ།།

འབྲོག་ཐང་མཚོན་པའི་ཟིན་ཐོ།།

ཡང་ན་ཚོར་བའི་ཚལ་དུ།།

ཚེ་གཅིག་སྐྱེས་པའི་མེ་ཏོག།

མེ་ཏོག་དྲི་བསུང་མ་གསུང་།།

འབྲོག་ཐང་ཟེའུ་འབྲུར་སིམ་ཡོད།།

ཟེའུ་འབྲུའི་བཅུད་ལ་རོལ་ན།།

གཏམ་གྱི་ཞིམ་མངར་ཚོར་ཡོང་།།

གཏམ་ལ་ཁ་རྒྱན་མི་དགོས།།

ཚིག་ལ་རོ་བཅུད་འཁོར་ཡོང་།།

གཡང་ལ་དབྱངས་འགྲོས་མི་མཁོ།།

མཐོ་སྒང་ན་རོར་ཆགས་ཡོད།།

བཀྲ་ཤིས་སྟོང་གི་དགེ་མཚན།།

འབྲོག་ཐང་མངལ་དུ་སྦྲུམ་ཡོད།།

དཀར་གསུམ་ཟས་ཀྱི་ཡང་བཅུད།།

བསིལ་ལྗོངས་ལྟེ་བར་འཛོམས་ཡོད།།

འཛོམས་པ་གླུ་རུ་བཀུག་སྟེ།།

འབྲོག་ཐང་ཚིག་ཏུ་བྲིས་ཡོད།།

ཚིག་གི་སྙན་པ་སིལ་ལེར།།

བདེ་ཆེན་དབྱིངས་སུ་སྤུར་རོ།།

རྩོམ་པ་པོ། མགར་ཐང་དཀར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:དཔྱིད་དུས་ཀྱི་སྣང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།