ཡུལ་ལ་ལོག་པའི་ལམ་དུ།

        2024-05-20

འཕྲིན་ཁྱུང་ཆུང་དུས་ནས་བཟུང་ཕ་མ་དང་ཁ་བྲལ་ཞིང་།རྒྱ་གར་ནས་ཨ་ཁུས་གསོས་ཏེ་ནར་སོན་པ་ཡིན།


ལོ18ཀྱི་རྗེས་སུ།ཁོ་ཐིང་པུའུ་སྟེ་རང་ཁྱིམ་དུ་ཕྱིར་ལོག་རྒྱུ་བྱས།


ཁོ་མཐའ་མཚམས་ཀྱི་གྲོང་རྡལ་ཧྥེན་ཐེ་ཞིའུ་ལིང་ནས་ཏུའུ་ལུའུ་ཁེ་ཅེ་ཡུན་སྤྱི་གཉེར་ཁང་གི་སྤྱི་སྤྱོད་རླངས་འཁོར་ཆུང་གྲས་ཤིག་ཏུ་བསྡད་ཅིང་།ཁོ་དང་མཉམ་དུ་འདུག་མཁན་ནི་བགྲེས་སོང་སྐེམ་པོ་ཞིག་རེད།ལམ་བར་དུ་ཁོ་ཚོ་སུས་ཀྱང་ཕན་ཚུན་ལ་སྐད་ཆ་མ་བཤད།རྒན་པོས་ཕར་བལྟས་ན་ཐང་ཆད་པའི་ན་གཞོན་སྐུ་ཞབས་དེ་ལ་བར་ཆད་བྱེད་མི་འདོད།ན་གཞོན་དེར་ཆ་རྒྱུས་མེད་པའི་མི་དང་ཁ་བརྡ་བྱེད་པའི་སློབ་གསོ་ཐོབ་མྱོང་མེད་པས་ཁོ་གཉིས་སུ་ཡིན་ཡང་ཁ་རོག་གེར་འདུག་དགོས་བྱུང་།


ཁོ་ཚོ་སང་ཐ་ལ་ཁར་སླེབས་སྐབས།རླངས་འཁོར་བསྡད་དེ་ངལ་གསོ་ཏོག་ཙམ་བྱས། བགྲེས་སོང་རླངས་འཁོར་ལས་བབས་ཏེ་ཚ་ལུ་མ་ཉོ་བར་ཕྱིན།རླངས་འཁོར་དུ་ལོག་རྗེས།རྒན་པོས་ཞི་འཇམ་ངང་ཁོ་དང་མཉམ་སྐྱོད་བྱེད་མཁན་གྱི་ན་གཞོན་དེར་ཚ་ལུ་མ་ཞིག་བྱིན།འཕྲིན་ཁྱུང་ལ་བརྙས་བཅོས་ཐེབས་པའི་ཚོར་བ་ཞིག་སྐྱེས།སྤྱི་ཚོགས་ཀྱི་གོ་གནས་རང་ལས་དམན་པ་ཞིག་གི་ལག་ནས་དངོས་པོ་བླངས་ན་དེ་ནི་རྒྱུས་ལོན་བྱེད་ཐབས་མེད་པ་ཞིག་ཡིན་པས།དེའི་ཚེ་ཁོས་རྒན་པའི་སྦྱིན་པ་དེ་དང་ལེན་མ་བྱས།


བགྲེས་སོང་དོགས་མི་བདེ་བའི་ངང་འཛུམ་དམུལ་དམུལ་བྱས་ཏེ་རང་ཉིད་ཀྱིས་ཚ་ལུ་མའི་ཤུན་པ་བཀོག་ནས་ཚ་ལུ་མ་ཞིག་ཁ་ནང་དུ་བཞག་སྟེ།ཉོག་སྒྲ་དང་བཅས་བཟས་རྗེས་ལྡད་འཕྲོ་རྣམས་རླངས་འཁོར་གྱི་སྒེའུ་ཁུང་ནས་ཕྱིར་འཕངས།འཕྲིན་ཁྱུང་ལ་རྒན་པོ་དེའི་བྱ་སྤྱོད་ཀྱིས་ཁོང་ཁྲོ་བསླངས།ཁོའི་བསམ་པར་རྒན་པོ་དེས་བསམ་གཟས་ནས་ང་ལ་ངོམ་སོ་བྱེད་ཀྱིན་འདུག་སྙམ།དེར་བརྟེན།འཕྲིན་ཁྱུང་གིས་ཀྱང་རྒན་པོ་དེར་ཅི་ཞིག་ངོམ་རྒྱུའི་སེམས་ཐག་བཅད།


འབབ་ཚུགས་རྗེས་མ་ཀའེ་ཏུའུ་རུ།འཕྲིན་ཁྱུང་གིས་ཀུ་ཤུ་འཚོང་མཁན་ཞིག་བོས་ནས་ཀུ་ཤུ་འགའ་ཉོས།ཀུ་ཤུ་འཚོང་མཁན་གྱིས་ཁོ་ལ་སྒོར་བཅུ་དགོས་ཞེས་བཤད་མོད།འོན་ཀྱང་།འཕྲིན་ཁྱུང་གིས་སྒོར་ལྔ་བཅུ་མ་ཞིག་བསྐྱུར་རྗེས།དངུལ་བསློག་མི་དགོས་ཞེས་པ་ཙམ་ཡང་ཀུ་ཤུ་འཚོང་མཁན་ལ་བཤད་འདོད་མེད་པའི་ཉམས་བསྟན།ཁོས་གྲི་ཆུང་བཟུང་ནས་ཀུ་ཤུ་ཞིག་དུམ་བུར་གཏུབ་རྗེས།ཀུ་ཤུ་གཞན་པ་ཚང་མ་ཕྱི་ལ་གཡུགས།མིག་གི་ཟུར་ནས་འདུག་གྲོགས་ཀྱི་གདོང་ལས་ཡ་མཚར་བའི་རྣམ་འགྱུར་བསྟན་པ་དེ་ལ་ཁོ་ཡིད་ཚིམས་ནས་ཡོད།ཁོའི་སེམས་སུ་འདི་ནི་ཁོ་ལ་སྟོན་དགོས་པའི་རྣམ་འགྱུར་རེད་འདོད།


མོ་ཊ་ཁྲུའུ་ཁར་སླེབས་དུས།ཁོ་ཚོས་གུང་ཟས་ཟ་རྒྱུ་མཚམས་བཞག།རྒན་པོས་བཤད་རྒྱུར “སྐུ་ཞབས་ན་གཞོན་ལགས།གལ་ཏེ་ངས་ཁྱོད་ལ་དང་པོ་ནས་ཕོག་ཐུག་བཏང་ཡོད་ན།ཁྱོད་ཀྱིས་བཟོད་སྒོམ་གནང་རོགས།ངས་ན་གཞོན་སྐུ་ཞབས་གང་ལ་འགྲོ་རྒྱུ་ཡིན་པ་ཤེས་ན་ཨེ་ཆོག”ཅེས་དྲིས།


འཕྲིན་ཁྱུང་གིས་རྒན་པོ་དེའི་སྐད་ཆ་དེ་ནི་ཁ་མཁས་འདྲ་ཆགས་ཀྱི་ངོ་བསྟོད་ཅིག་ཏུ་བརྩིས་ནས་ཁོ་ལ་ངོ་བསྟོད་བྱེད་པ་ཡིན་པར་འདོད། “ཐིང་པུའུ”ཁོས་བཙན་ཤེད་ཀྱིས་ལན་བཏབ།


“ན་གཞོན་སྐུ་ཞབས་དང་མཉམ་དུ་བསྐྱོད་ཐུབ་པ་ནི་ངའི་བསོད་ནམས་རེད”ཅེས་བཤད།རྒན་པོས་མུ་མཐུད་དེ“ཁྱོད་ཀྱིས་ང་དང་མཉམ་དུ་གུང་ཟས་ལ་རོལ་ཐུབ་བམ”ཞེས་བཤད།


“མིན།བཀའ་དྲིན་ཆེ།”འཕྲིན་ཆུང་གིས“ང་ལྟོགས་ཀྱི་མི་འདུག”ཅེས་བཤད།


ཁོ་ཚོ་ཐིང་པུའུ་ལ་སླེབས་སྐབས།བགྲེས་སོང་གིས་ན་གཞོན་སྐུ་ཞབས་ལ་ཁུལ་གང་ལ་འགྲོ་དགོས་ཞེས་དྲིས་བྱུང་།འཕྲིན་ཁྱུང་གིས“ཚི་ལུའུ་ཁ”ཞེས་ལན་འདེབས་སྐབས།རྒན་པོས་ཁོ་ཡང་ཁུལ་དེར་འགྲོ་རྒྱུ་ཡིན་ཟེར།


“ང་ཚོ་ཚང་མ་ཁུལ་གཅིག་ལ་འགྲོ་གི་ཡིན་ན”ཞེས་བགྲེས་སོང་གིས་རང་འགུལ་ངང“དེས་ན་ང་ཚོ་མཉམ་དུ་བོགས་གཏོང་རླངས་འཁོར་གཅིག་ལ་སྡོད་ཆོག་གི་རེད”ཅེས་བཤད།འཕྲིན་ཁྱུང་གིས་རྒན་པོའི་གྲོས་འགོར་བསམ་གཞིག་ནན་ཏན་བྱས།ཁོ་གསར་དུ་ཡོང་བས་ས་ཆར་རྒྱུས་མེད་པས་དང་ལེན་མི་བྱེད་ཀ་མེད་བྱུང་། “ཡིན་ནའང་རླངས་འཁོར་རིན་པ་ངས་སྤྲད་དགོས།”ཁོས་ང་རྒྱལ་གྱིས་བཤད།


གླ་བྱེད་རླངས་འཁོར་གྱིས་ཁོ་ཚོ་ཙི་ལུའུ་ཁ་ལ་དྲུད།རྒན་པོ་རླངས་འཁོར་ལས་འབབ་དུས་འཕྲིན་ཁྱུང་སུ་ཚང་གི་ཁྱིམ་དུ་བསྡད་ཡོད་པ་དྲིས།འཕྲིན་ཁྱུང་གིས་ཁོའི་ཨ་ཕའི་མིང་བཤད། “ཁུར་ཐུའོ་ཡི་ཨ་ཕ·ཕི་མ་ལ། ”


“ང་ནི་ཁུར་ཐུའོ་ཡི་ཨ་ཕ·ཕི་མ་ལ་ཡིན”རྒན་པོ་ཧ་ལས་པའི་ངང་དེ་ལྟར་བཤད།


ཆང་གཞོན་ནུས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:འཚེ་བ་གསུམ་འཇོམས་ཀྱི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།