གནམ་འོག་གི་དོན་བཟང་ཨང་དང་པོ་ནི་སྔར་བཞིན་དཔེ་ཀློག་བྱེད་རྒྱུ་དེ་རེད།

ཅི་ཞན་ལིན་གྱིས་བརྩམས། ཤར་རྒྱལ་སྲས་ཀྱིས་བསྒྱུར།        2020-06-28

       དཔེ་ཀློག་ལ་བསྟོད་བསྔགས་བྱེད་པ་ནི་གནའ་དེང་གི་ཀྲུང་ཕྱིའི་མི་སྣའི་ལོ་རྒྱུས་དང་བརྩམས་ཆོས་ཁྲོད་དུ་བགྲང་ལས་འདས་པ་ཞིག་ཡོད། སྐུ་ཞབས་ཀྲང་ཡོན་ཅི་ལགས་ཀྱིས་འདི་འདྲའི་སྐད་ཆ་སྟབས་བདེ་ཞིག་བཤད་ཡོད་དེ། “གནམ་འོག་གི་དོན་བཟང་ཨང་དང་པོ་ནི།སྔར་བཞིན་དཔེ་ཀློག་བྱེད་རྒྱུ་དེ་རེད”ཅེས་པའོ། །“གནམ་འོག་གི”ཡིན་པས་མི་ཚད་ད་དུང“ཨང་དང་པོར”བཞག་པ་ལས་ཁོང་གིས་དཔེ་ཀློག་གི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཅི་འདྲ་བྱེད་པ་རྟོགས་ཐུབ།དེས་ན་དཔེ་ཀློག་ནི“དོན་བཟང”ཞིག་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ། གཅིག་བྱས་ན་མི་ཁ་ཤས་ཀྱིས་འདྲི་ཚིག་འདི་ནི་བློ་ཆུང་དང་བྱིས་བློའི་ངང་ཚུལ་ཙམ་དུ་བསམ་པར་ངེས། རྒྱུ་མཚན་ནི་འདི་ནི“མི་རྣམས་ཀྱིས་ཅིའི་ཕྱིར་ཟ་མ་བཟའ་དགོས་པ་རེད་དམ”ཞེས་འདྲི་བ་དང་འདྲ་སྟེ། མི་རྣམས་ཀྱིས་ཟ་མ་བཟའ་བར་ངོ་རྒོལ་བྱེད་མི་སྲིད་ཅིང་།དཔེ་ཀློག་ཀྱང་དོན་བཟང་ཞིག་མ་རེད་ཅེས་བཤད་མཁན་མེད་པས་རེད། ཡིན་ནའང་ངའི་བསམ་པར། དོན་བྱ་གང་ཡིན་ཡང་རྒྱུ་མཚན་ཞིག་འདྲི་དགོས་པར་བསམས། དེ་ཡང་བྱ་བ་ཅི་ཞིག་བྱུང་ཡང་དེར་རྒྱུ་རྐྱེན་ཞིག་ཡོད་ངེས་པས། ང་ཚོས་བག་ཡངས་ཀྱི་དབང་གིས་དེར་སྣང་ཆུང་གཏན་ནས་བྱ་མི་རུང་། དེ་བས་གཤམ་ནས་ང་རང་གི་ངོས་འཛིན་བྱེད་ཚུལ་དང་དཔེ་ཀློག་ནི་དོན་བཟང་ཞིག་ཡིན་པའི་རྒྱུ་མཚན་བཤད་པར་བྱ།

        ང་ཚོས་གནའ་སྔ་མོའི་དོན་བྱ་གང་རུང་ཞིག་གླེང་ཚེ།ཕན་ཀུའུ་ཡིས་གནམ་ས་ཕྱེས་པའི་དུས་ནས་བཟུང་ཞེས་གླེང་སྲིད་མོད། ད་ནི་ངས་ཕན་ཀུའུ་ཡིས་གནམ་ས་ཕྱེས་པའི་ཡང་སྔོན་ཏེ། མིའི་རིགས་རི་དྭགས་ཀྱི་འཚོ་བ་དང་བྲལ་ནས་མིའི་རིགས་རང་གི་འཚོ་བ་རོལ་མགོ་བརྩམས་པ་ནས་བཤད་རྒྱུ་ཡིན། མི་རྣམས་མི་རུ་གྱུར་པ་ནས་བཟུང་མིའི་རིགས་ཀྱི་བློ་གྲོས་གསོག་ཉར་བྱེད་མགོ་བརྩམས་ཤིང་། བློ་གྲོས་འདི་རིགས་ནི་གངས་རིལ་འགྲིལ་བ་ལྟར་འགྲིལ་གྱིན་འགྲིལ་གྱིན་ཇེ་ཆེ་དང་། གསོག་ཉར་ཇི་ལྟར་བྱས་ན་དེ་ལྟར་ཆེ་རུ་འགྱུར། རི་དྭགས་དང་དུད་འགྲོ་གཞན་ཚོས་ཕལ་ཆེར་ནུས་མཐུ་འདི་ཉིད་གསར་རྙེད་བྱེད་མ་ཐུབ་སྟེ། ལོ་ངོ་ཁྲི་གཅིག་གི་སྔོན་དུ་ཕག་རྒོད་ཅིག་ཅི་འདྲ་གླེན་ན་ད་ལྟ་ད་དུང་ཡང་དེ་ལྟར་གླེན་ཞིང་།བློ་གྲོས་དང་རིག་པ་ལ་འཕེལ་རྒྱས་ཅུང་ཙམ་ཡང་མེད། མི་ནི་དེ་ལྟར་མ་ཡིན་ཏེ། དུས་ངེས་མེད་དུ་བློ་གྲོས་ལ་འཕེལ་རྒྱས་འབྱུང་ཐུབ་པར་མ་ཟད། ང་རང་གིས་ལྟ་ཞིབ་བྱས་པ་ལྟར་ན། བློ་གྲོས་འཕེལ་ཚད་ནི་དངོས་གཟུགས་གང་རུང་གནམ་ནས་མར་ལ་ལྷུང་བ་ལྟར་ཇེ་མགྱོགས་ནས་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་རེད། ད་ལྟར་ཤེས་ཡོན་འཕེལ་རྒྱས་ཀྱི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་པར་འདོད། ཉེ་བའི་དུས་ཡུན་ངེས་ཅན་ནང་དུ“ཁུ་ལུམ”ལག་རྩལ་གྱིས་མི་རྣམས་ཧ་ལས་སུ་བཅུག་པ་དང་། མི་ཁ་ཤས་ཀྱིས་སེམས་འཚབ་ཆེན་པོའི་ངང་ལག་རྩལ་འདི་རིགས་འཕེལ་རྒྱས་སུ་ཕྱིན་ནས་ཚད་ག་འདྲ་ཞིག་ལ་སླེབས་པར་སེམས་ཁུར་བྱེད། ཡེ་ཤུའི་ཆོས་ལུགས་ལ་དད་མཁན་ཚོས་གལ་སྲིད་མ་འོངས་པར“ཁུ་ལུམ་”ལག་རྩལ་གྱིས་མིའི་རིགས་བཟོ་ཐུབ་པར་གྱུར་ཚེ། མིའི་རིགས་གསར་དུ་བཟོས་པར་གྲགས་པའི་ཁོ་ཚོའི་དཀོན་མཆོག་གིས་ཅི་ཞིག་བྱེད་དགོས་པར་སེམས་ཁུར་བྱེད།

        མིའི་རིགས་ཀྱིས་ལོ་ངོ་ཁྲི་སྟོང་མང་པོའི་རིང་ལ་བློ་གྲོས་གསོག་ཉར་བྱེད་པ་ལ་ཐབས་ཤེས་གཉིས་ལས་མི་འདུག་སྟེ། གཅིག་ནི་དངོས་པོ་ཡིན་པ་དང་། དེ་ནི་དཔེར་ན་ལྕགས་རི་རིང་པོ་ལྟ་བུ་ཡིན། ཅིག་ཤོས་ནི་ཡིག་ངོར་བཀོད་པའི་དཔེ་ཆ་ཡིན་ལ། འདི་ནི་ཐབས་ཤེས་གཙོ་བོ་ཡིན། ཡི་གེ་གསར་གཏོད་མ་བྱས་གོང་དུ་བློ་གྲོས་གསོག་ཉར་བྱེད་པར་ཡིད་འཛིན་བྱེད་པ་ལས་མེད་ཅིང་། ཡི་གེ་གསར་གཏོད་བྱས་པ་ནས་དཔེ་ཆ་བཀོལ་སྤྱོད་བྱས་པ་རེད། ཀླད་པའི་ནང་དུ་གསོག་ཉར་བྱས་པའི་དངོས་པོ་དག་ཤོག་སྟེང་དུ་ཕབ་པས་དཔེ་ཆ་གྲུབ་ལ།དཔེ་ཆ་ནི་མིའི་རིགས་ཀྱིས་མི་རབས་ནས་མི་རབས་ལ་བརྒྱུད་པའི་བློ་གྲོས་གསོག་ཉར་བྱེད་སའི་བང་མཛོད་ཡིན། མི་རབས་རྗེས་མ་ཚོས་ངེས་པར་དཔེ་ཆ་ཀློག་དགོས་ཤིང་། དེ་ལྟར་བྱས་ན་ད་གཟོད་མི་རབས་སྔོན་མ་ནས་བརྒྱུད་པའི་བློ་གྲོས་མཐའ་དག་ལ་རྒྱུད་འཛིན་དང་དར་སྤེལ་བྱེད་ཐུབ། མིའི་རིགས་ནམ་ཡང་གོམ་སྟབས་ཆེན་པོས་མདུན་བསྐྱོད་དང་འཕེལ་རྒྱས་སུ་འགྲོ་ཐུབ་པ་ནི་དཔེ་ཆ་ཀློག་པ་དང་དཔེ་ཆ་འབྲི་བའི་ནུས་པ་ཆེན་པོ་འདི་ཡོད་པས་རེད། ངས་རྒྱུན་པར་འདི་ལྟར་བསམ་ཡོང་། མིའི་རིགས་འཕེལ་རྒྱས་སུ་འགྲོ་སྟངས་ནི་མཐུད་རྒྱུག་འགྲན་བསྡུར་དང་ཧ་ཅང་འདྲ་སྟེ། མི་རབས་དང་པོ་འགྲན་སྐོར་དང་པོར་བརྒྱུགས་པ་དང་། དེར་མཐུད་ནས་མི་རབས་གཉིས་པ་འགྲན་སྐོར་གཉིས་པར་བརྒྱུགས་ཏེ། འགྲན་སྐོར་གསུམ་པ་དང་བཞི་པ་ལྟར་རིམ་བཞིན་མུ་མཐུད་དུ་རྫོགས་མཐའ་མེད་པའི་འགྲན་སྐོར་མང་པོར་རྒྱུག་བཞིན་ཡོད། དེའི་རྐྱེན་གྱིས་རྣམ་དཔྱོད་དང་བློ་གྲོས་ཀྱི་རྒྱུད་འཛིན་ལ་ཡང་མཐའ་མེད། རྒྱུད་འཛིན་འདི་རིགས་ནི་གཙོ་བོ་དཔེ་ཆ་ལ་བརྟེན་པ་ཡིན་པས། དཔེ་ཆ་ནི་མིའི་རིགས་ཀྱི་རྣམ་དཔྱོད་རྒྱུད་འཛིན་དང་འབྲེལ་བའི་དོན་བྱ་གལ་ཆེན་དུ་གྱུར་པ་རེད། འདི་ལྟར་ཡིན་པས། དཔེ་ཆ་ཀློག་རྒྱུ་དེ“གནམ་འོག་གི་དོན་བཟང་ཨང་དང་པོ”མིན་ན་གང་ཡིན།

        ཡིན་ཡང་དྲང་མོར་བཤད་ན། ཀྲུང་གོའི་རྒྱལ་རབས་རིམ་བྱུང་རེ་རེའི་སྐབས་སུ“དཔེ་ཀློག་ཕན་མེད་སྨྲ་བ”ཡི་བཤད་ཚུལ་ཡོད་དེ། གནའ་བོའི་དུས་སུ་དཔེ་ཀློག་དང་སློབ་གཉེར་བྱེད་མཁན་ཚོར་ཤེས་ཡོན་ཅན་ཞེས་འབོད་ཅིང་། ཚང་མའི་ཟུར་ཟ་བྱེད་ཡུལ་དུ་རྩི། དཔེར་ན“ཤེས་ལྡན་གྱེན་ལོག་བྱེད་པ་དེ། །ལོ་གསུམ་འགོར་ཡང་འགྲུབ་མི་ཐུབ”ཅེས་པ་ལྟ་བུས་ཤེས་ཡོན་ཅན་ནུས་མེད་ཡིན་པར་ཟུར་ཟ་བྱས་པ་རེད། འདི་ནི་གནས་ལུགས་གཏན་ནས་མེད་པ་ཞིག་མ་ཡིན་ཏེ། གནའ་བོའི་དུས་སུ། གསལ་པོར་ཉོན། ངས་བཤད་པ་ནི་གནའ་བོའི་དུས་ཡིན། ད་ལྟའི་དུས་སུ་རྩ་བ་ནས་མི་འདྲ་བར་གྱུར་ཡོད། གནའ་བོའི་དུས་སུ་གྱེན་ལོག་བྱས་ནས་ལེགས་འགྲུབ་བྱུང་བ་ཕལ་ཆེར་ནི་ཡི་གེ་མི་ཤེས་པའི་ཁྲམ་པ་སྐོར་ཞིག་ཡིན་པ་རེད། ཀྲུང་གོའི་ལོ་རྒྱུས་སྟེང་རང་གི་དཔའ་ངར་ལ་བརྟེན་ནས་མངའ་ཁོངས་བླངས་ཤིང་མི་རྗེའི་མཁས་མཛངས་འོག་རྒྱལ་ཁབ་བཙུགས་པའི་གོང་མ་ལིག་པང་དང་ཀྲུའུ་ཡོན་ཀྲང་གཉིས་ཀྱང་རིགས་དེར་གཏོགས་པས། སྙན་ངག་པ་ཚོས་ཀྱང“མ་གཞི་ལིག་པང་དང་ཞང་ཡུས་གཉིས་ཀྱིས་དཔེ་ཆ་མི་ཀློག་པ་རེད”ཅེས་སྨྲ་དགོས་བྱུང་བ་རེད། ཤེས་ཡོན་ཅན་རྣམས་ཆེས་བཟང་ན་ཡང་ཁྲམ་པ་འདི་རིགས་ལ་རོགས་འདེགས་དང་ངན་རོགས་བྱེད་མཁན་ལས་འདའ་མི་ཐུབ་ཅིང་། རོགས་འདེགས་ཅི་ཡང་བྱ་མི་ཐུབ་མཁན་ཚོས། “ཤེས་ལྡན་མང་ཤོས་ཚེ་གང་ཉམ་ཐག་འགྱུར”ཞེས་དངན་པ་འཐེན་པ་ལས་འོས་མེད་པ་རེད།

        ཡིན་ཡང་གསལ་པོར་བཤད་ན། ཀྲུང་གོའི་རྒྱུན་རིང་བའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་མཁན་དག་ནི། ཁྲམ་པའི་སྐོར་འདི་དག་རེད་དམ་ཤེས་ཡོན་ཅན་རྣམས་རེད། དྲིས་ལན་ནི་ནམ་ལངས་ལངས་དང་ཉི་མ་ཤར་ཤར་མ་རེད་དམ། ཕ་མེས་ཡང་མེས་འདི་ཚོས་མི་དམངས་ལ་གཉའ་གནོན་དང་བཤུ་གཞོག་བྱེད་པ་ལས། རྗེས་རབས་པ་ཚོར་རིན་ཐང་ཡོད་པ་ཅི་ཞིག་བསྐྱུར་ཡོད། བང་སོ་སོགས་ཀྱིས་ད་ལྟའི་ཡུལ་སྐོར་ལྗོངས་རྒྱུའི་ལས་རིགས་གཉེར་མཁན་ཚོར་དངུལ་སྒོར་འགའ་བཙལ་ཐུབ་པ་ཙམ་རེད། དེ་བས་ཁོ་ཚོར་མཚོན་ན་ང་ཚོའི་རྒྱལ་ཁབ་འདིར་བཞག་པའི་མཛད་རྗེས་ཅི་ཡང་གླེང་རྒྱུ་མི་འདུག

        ཚིག་བརྒྱ་མདོར་དྲིལ་ན། “གནམ་འོག་གི་དོན་བཟང་ཨང་དང་པོ་ནི།སྔར་བཞིན་དཔེ་ཀློག་བྱེད་རྒྱུ་དེ་རེད།”


  • ལེ་ཚན་སྔོན་མ།:ཡ་མཚན་ཅན་གྱི་སྲས་མོ།
  • ལེ་ཚན་རྗེས་མ།:ཕ་སྐད།