སྐད་འཆི་བའི་སྐབས་དེར།

ཁྲེན་སཱན་གྱིས་བརྩམས།ཡ་མ་རྒྱལ་མཚན་གྱིས་བསྒྱུར།        2017-09-04

   སྐད་འཆི་བའི་སྐབས་དེར།

  སྐད་རིགས་ཉེན་ཁར་བཅར་བ་ནི་འཛམ་གླིང་ཡོངས་ཀྱི་སྣང་ཚུལ་ཞིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་རིག་སློབ་ཚན་ཁག་རྩ་འཛུགས་ཀྱི《  སྐད་ཉེན་བཅར་བའི་བསྟར་བསྒྲིགས་རི་མོ》 ལྟར་ན། འཛམ་གླིང་ཡོངས་ལ་སྐད་རིགས༧༠༠༠ཡོད། དེའི་ནང་ནས་ཕྱེད་ཡན་གྱི་སྐད་རིགས་དུས་རབས་འདིའི་ནང་འཇིག་པར་འགྱུར་བ་དང་། ༨༠%ནས༩༠%བར་གྱི་སྐད་རིགས་བགྲང་བྱ༢༠༠ལས་མི་གནས་པར་འཇིག་པར་འགྱུར། སྐད་འཆི་བ་དང་སྲོག་ཆགས་རྩི་ཤིང་འཇིག་པའི་མྱུར་ཚད་ཕན་ཚུན་བསྡུར་ན་སྔ་མ་འཇིག་པའི་མྱུར་ཚད་མགྱོགས་ཤིང་ཕྱི་མ་འཇིག་པའི་མྱུར་ཚད་དལ་ཞེས་གསར་བསྒྲགས་བྱས་པའོ།།

  སྐད་འཆི་བའི་མྱུར་ཚད་ནི་མིའི་བསམ་པའི་འཆར་སྒོ་ལས་རབ་ཏུ་བརྒལ་བ་ཞིག་སྟེ། ཆ་སྙོམས་གཟའ་འཁོར་གཉིས་རེའི་མཚམས་སུ་སྐད་རིགས་རེ་ནུབ་པར་འགྱུར་བ་མ་ཟད་སྐད་ཀྱི་གདངས་ཙམ་ཡང་མི་ལུས་པར་འཆི་བར་གྱུར་ཏོ།།

སྤྱིར་ཀྲུང་གོའི་མི་ཀུན་གྱིས་དོ་སྣང་བྱེད་སའི་སྐད་ཉེན་བཅར་བའི་དོན་དེ་ཚ་བའི་ས་ཁུལ་དུ་གནས་མེད་མོད། འོན་ཏེ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གྲངས་ཉུང་མི་རིགས་སྐད་ལ་ཞིབ་འཇུག་བགྱིས་པའི་འབུམ་རམས་པ་ཧང་ཁྲེན་ལྭང(黄成龙)གིས་མཚམས་སྦྱོར་བྱས་པ་སྟེ། ཀྲུང་གོ་ལ་སྐད་རིགས་༡༢༩ཡོད། དེའི་ནང་ནས་ཕྱེད་ཡན་གྱི་སྐད་ལ་གསོན་ཤུགས་ཤིན་ཏུ་ཞན། ཉུང་བརྩིས་བྱས་ཀྱང་སྐད་རིགས་ཉི་ཤུ་སུམ་ཅུ་ཞིག་ཉེན་ཁར་བཅར་བའི་རྣམ་པར་གནས་ཡོད། དཔེར་ན། ཡུན་ནན་ཨཱ་ནུའོ་ཡི་སྐད། ཤར་བྱང་ཧི་ཀྲིན་གྱི་སྐད། གྲུ་གུ་ཐཱ་ཐའི་སྐད། ཀན་སུའུ་ཡུའུ་གོའི་སྐད། དབུས་རྒྱུད་ཀྱི་གདོད་མའི་སྐད་སོགས་ལྟ་བུའོ།།

   སྐད་རིགས་ཤིག་གི་གསོན་ཤུགས་ནི་དུས་རབས་ནས་དུས་རབས་བརྒྱུད་པའི་རྒྱུན་སྤེལ་སྟེང་དུ་གནས་པ་ལས་མི་གྲངས་མང་ཉུང་ལ་རག་ལས་པ་མ་ཡིན་ཏེ། སྐད་རིགས་ཆུང་བ་ཞིག་ལ་འཕེལ་ཤུགས་རབ་ཏུ་རྒྱས་ཆོག་ལ། སྐད་རིགས་ཆེན་པོ་ཞིག་ཡིན་ན་ཡང་དེ་ལས་ལྡོག་སྟེ་འཕེལ་ཤུགས་ཞན་པ་ཡོད། དཔེར་ན། ཀྲུང་གོ་ལ་མན་རིགས་ཀྱི་མི་གྲངས་ཁྲི་སྟོང་གཅིག་ཡོད། འོན་ཏེ་མན་སྐད་འཆད་ཐུབ་པའི་མི་བརྒྱ་ལྷག་ལས་ལུས་མེད་པ་དང་། ཆེས་མཐའ་མར་མན་སྐད་བཤད་ཤེས་པའི་རྒན་པོ་དེ་ཤི་བ་ནས་མན་ཇུའི་སྐད་ཀྱང་དེ་དང་མཉམ་དུ་ཤི། དེའི་ཡིག་ཐོག་གི་སྐད་ད་དུང་མུ་མཐུད་དུ་གནས་སྲིད་མོད། བརྒྱུད་པའི་རྒྱུད་པ་མེད་པར་གྱུར་བས་དེ་ནི་རིན་མེད་ཀྱི་ཤུན་སྐོགས་སྟོང་བ་ཞིག་གོ།

   ཨ་རིའི་སྐད་བརྡ་རིག་པའི་དགེ་རྒན་ཆེན་མོ་ཧྭ་ལིས་སིན་(哈里森)གྱིས་གསུངས་པ་སྟེ། སྣང་ངོར་རེ་ལ། གལ་ཏེ་རྒྱུ་མེད་རྐྱེན་མེད་ཀྱིས་ངང་ནས་ཆུ་སྲིན་རྩ་བ་ནས་མེད་པར་འགྱུར་བའམ་ཡང་ན་གཏོར་གཟུགས་མཆོད་རྟེན་མགོ་མཇུག་བརྡིབས་པ་དང་ཡཱ་མ་སོའི་ནགས་ཚལ་ཡེ་ནས་གཅོད་པ་རྫོགས་སོང་ན། མིའི་རིགས་སྤྱི་ཡི་ཤུལ་བཞག་ཡིན་སྟབས། མི་རྣམས་ཅི་འདྲའི་ཞེ་སྡང་འབར་བར་ངེས་ཤིང་ཐབས་བརྒྱ་ཇུས་སྟོང་གིས་འགོག་བར་བྱེད་པ་ནི་གསལ་བའི་མིག་གིས་དངོས་མཐོང་ལགས། སྐད་རིགས་ནི་དེ་ལས་གནའ་ཤུལ་དང་། མིའི་རིགས་ཀྱི་རིན་ཐང་བྲལ་བའི་རྩ་ནོར་ཡིན། སྐད་རིགས་ཀུན་ལ་རང་རང་གི་གྲུབ་ཚུལ་ཐུན་མོང་མ་ཡིན་པའི་བསམ་གཞིགས་ཀྱི་ཁྱད་ཆོས་ལྡན་པ་སྟེ། མི་རིགས་གནས་པའི་ཐབས་ཤེས་ཁྱད་པར་བ་ཞིག་མཚོན་ནོ།། སྐད་རིགས་གང་ཞིག་ཡིན་ཡང་སོ་སོ་ལ་ཚད་མེད་པའི་མཚོན་ཐབས་རང་བཞིན་ཡོད་ལ་སྡེར་སྦྱོར་རང་བཞིན་ཡང་སྟུག་པོ་ཡོད། སྐད་དེའི་མིང་གི་ཚོགས་དང་སྒྲ་བསྐྱེད་མ་ལག བརྡ་སྤྲོད་སོགས་ལེགས་པའི་གྲུབ་ཆ་རྣམས་ནན་གྱིས་སྦྲེལ་ན། འུ་ཅག་མིའི་ལག་གིས་བསྐྲུན་པའི་འཛུགས་སྐྲུན་གང་ཞིག་ལས་ཀྱང་རླབས་པོ་ཆེའོ་ཞེས་གསུངས།

    སྐད་རིགས་ཀྱི་འཆི་བ་ལ་རྒྱུན་པར་སྣང་ཚུལ་གཉིས་ཡོད། གཅིག་ཏུ། སྐད་རིགས་གང་ཞིག་བཤད་པའི་མི་མེད་པར་འགྱུར་བ་དང་། གཉིས་སུ། སྐད་རིགས་གང་ཞིག་འཆད་པའི་མིས་རང་གི་ཕ་སྐད་བསྐྱུར་ཏེ་སྐད་རིགས་གཞན་པ་བཀོལ་བ། འདས་པའི་ལོ༢༠༠ཁྲོད། མི་སེར་སྤེལ་བའི་རིང་ལུགས་ནི་ཆེས་ཆེ་བའི་གཏོར་བརླག་མཁན་ཏེ། ཡོ་རོབ་གླིང་མི་སེར་སྤེལ་མཁན་གྱིས་ཨོ་སི་ཁྲུ་ལི་ཡའི་ཡུལ་སྐད༡༢༠ལྷག་རྩ་མེད་བཏང་བ་དང་། མེ་གླིང་བྱང་མའི་ཡུལ་སྐད༣༠༠ལྷག་ཚར་གཅོད་བྱས། དེ་བཞིན་ད་ལྟའི་འཛམ་གླིང་རང་བཞིན་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གནོན་ཤུགས་ཀྱིས་བཙན་བསྐུལ་འོག་མི་དམངས་གྲོང་གསེབ་ནས་གྲོང་ཁྱེར་དུ་སྤོས་པ། ཁོང་ཚོའི་ཕ་སྐད་རྣམ་ཀུན་བཙན་ཐབས་ཀྱིས་འགོག་གནོན་འོག་ཏུ་གནས་པའོ།།

    སྐད་རིགས་ཀྱི་ལེགས་ཉེས་གནད་དོན་གླེང་དུས། ཧྭ་ལིས་སིན་གྱིས་སྐད་རིགས་ཤིག་མེད་ན་མིའི་རིགས་ཀྱི་བསམ་དོན་ཀུན་མཚོན་ཐབས་བྲལ་བར་འགྱུར། སྐད་གང་རུང་གཉིས་སྦྱངས་མྱོང་བའི་མིས་ཤེས་སྲིད་དེ། སྐད་རིགས་གཉིས་བར་རྒྱུན་དུ་བསྒྱུར་འགྱུར་མི་ཐུབ་པའི་སྣང་ཚུལ་ཡོད། གོ་དོན་དང་འཛམ་གླིང་ལ་འབྲེལ་ཡོད་བསམ་གཞིགས་ཀྱི་ཐབས་ཇུས་གང་ཞིག་བསྒྱུར་བའི་གོ་རིམ་ཁྲོད་དུ་བརྒལ་ཐབས་མེད་པའི་གྲོག་རོང་ཞིག་གམ་ཡང་ན་བོར་དངོས་བྱུང་བའི་ཚོར་བ་ཞིག་བྱུང་བར་གདོན་མི་ཟ།

ཁོང་གིས་བསྡོམས་རྩིས་བྱས་པ་ལྟར་ན། འཛམ་གླིང་གི་མི་གྲངས༨༠%ཡིས་སྐད་རིགས༧༠༠༠ལས་གཙོ་བོ་སྐད་རིགས་༨༣འཆད་ཀྱིན་ཡོད། ལུས་པའི་སྐད་རིགས༦༠༠༠ལྷག་ཡོད་ལ། ཕལ་ཆེར་བ་ཡིག་ཐོག་ཏུ་བཀོད་མེད། ཚིག་མཛོད་དང་ཡིག་ཆ། དཔེ་མཛོད་ཁང་ངམ་གཙུག་ལག་ཁང་གང་ནང་དུའང་དེ་ཚོའི་རྒྱུ་ཆ་འཚོལ་མི་ཐུབ། བརྡ་འཕྲིན་ཡོངས་མིའི་དྲན་པ་ནང་དུ་གསོག་ཉར་བགྱིས་ཡོད་ཕྱིར་འཕེལ་ཤུགས་ཤིན་ཏུ་ཞན། འུ་ཚོའི་སྐད་རིགས་ཤིག་འཇིག་པ་དང་མཉམ་དུ་དུས་རབས་དུ་མར་གནས་པའི་འབྲེལ་ཡོད་ཀྱི་དུས་ཚོད་དང་། དུས་ཚིགས། གཟའ་སྐར་གྱི་འཁོར་བགྲོད། རྒྱ་མཚོའི་སྐྱེས་དངོས། གསོ་རིག རྩི་ཤིང་། ལོ་རྒྱུས། ལྷ་སྒྲུང་། གླུ་དབྱངས། དེ་མིན་དུས་རྒྱུན་ལས་དོན་གྱི་ཤེས་བྱ་དང་བསམ་གཞིགས་ཡོ་བྱད་སོགས་ཀྱང་མཐར་འཇིག་པར་འགྱུར་རོ།།

   དགེ་རྒན་ཆེན་མོ་ཧྭ་ལིས་སིན་(哈里森)གྱིས་སྐད་རིགས་འདིའི་སྤྱི་མིང་ལ་མི་རིགས་ཤེས་བྱའི་མཛོད་ཅེས་བཏགས་པའོ།། འདས་པའི་ལོ་ལྔ་བརྒྱའི་ནང་གི་ཕོ་ལེ་ཝན་ཡ་རྒྱལ་ཁབ་ཀྱི་རྒྱུན་སྡོད་མི་རིགས་ཁོ་ལོའོ་ཝ་ཡས་(Kallawaya)རྩྭ་སྨན་ཤིང་སྨན་བརྒྱ་ཕྲག་དུ་མའི་ལྐོག་གྱུར་གྱི་ཤེས་བྱ་སྐད་རིགས་ནང་དུ་འདུ་ཕྱིར། དུས་རབས་ནས་དུས་རབས་ཕ་བུ་ཕན་ཚུན་བརྒྱུད་ཐུབ་པ་ལས་གཞན་ནི་མ་ཡིན་ནོ།།

ཤེས་བྱ་འདི་ཚོ་དབྱིན་ཡིག་ཏུ་བསྒྱུར་བར་བྱས་ནས་སྐད་རིགས་སྣ་རྐྱང་གི་གཙུག་ལག་ཁང་དུ་བཞག་ན་ལོས་ཆོག་མོད། འོན་ཀྱང་སྐད་ནི་ཤིང་གི་སྡོང་པོ་ཞིག་དང་ཀུན་ནས་མཚུངས་ཏེ། མི་ཚོས་སྐད་ཀྱི་སྡོང་བོ་དེ་གནས་གཞན་ཞིག་ཏུ་སྤོས་དུས་སྔར་ཡོད་ཀྱི་སྡོང་བོའི་གྲུབ་ཚུལ་ཀུན་རྩ་བ་ནས་འགྱེལ་འགྲོ་བ་ལྟ་བུ་ཡིན་ནོ།།

   མིའི་རིགས་རིག་པ་པ་མཱ་ཀི་ལི་ཐ་མཱས་ཏི་མ་གཤེགས་པའི་སྔོན་དུ། ཁོང་མོས་འཇིག་རྟེན་ལ་ཆེས་སྐྱོ་བའི་སྐད་ཆ་སྟེ། འུ་ཚོའི་འཇིག་རྟེན་ནི་ངར་ཤུགས་ཀྱིས་གཅིག་འདྲར་གྲུབ་པའམ་མཛེས་མདངས་དབུལ་བའི་གནས་ཤིག་ཏུ་འགྱུར་བར་ངེས། མི་རྣམས་ཀྱི་བསམ་བློ་ཀུན་སྣ་གཅིག་པའི་ཤེས་སྟོབས་དང་། བསམ་པའི་གྲུབ་ཆ་བཙོན་དུ་ལྷུང་བའི་ཉེན་ཁར་ཡང་ཡོང་བར་སྲིད་དེ། ཆེས་འཇིགས་སུ་རུང་བའི་གནས་ནི་ལོ་རྒྱུས་ཀྱི་ཉམས་རྒུད་ཐོག་ཏུ་མེད་ལ། རིག་གནས་དང་དངོས་པོའི་ཤེས་བྱའི་གསེང་དུའང་ཡེ་ནས་མེད། དེ་ནི་ནམ་ཞིག་གི་ཞོགས་དུས་གཉིད་ལས་སངས་སྐབས། སྔར་གྱི་འཇིག་རྟེན་འདི་མཛེས་སྡུག་ཕུན་ཚོགས་ཀྱིས་སྤྲས་པ་ཞིག་བྱུང་མྱོང་བར་དྲན་པ་མ་བྱུང་བ་ནི་འཇིགས་པའི་གནས་རྔམ་པོ་ཆེ་སྟེ་སྐད་རིགས་འཆི་བ་འདི་ཉིད་དོ་ཞེས་གསུངས་པ་ལྟ་བུ་ཡིན་ནོ།།

 


  • ལེ་ཚན་སྔོན་མ།:རང་འདོད་མཐར་སྐྱེལ་གྱི་སྡོང་ཕྲུག
  • ལེ་ཚན་རྗེས་མ།:གཤེར་རྫིང་དཔྱིད་བསུའི་ཁ་བ།