ཁོ་ལེ་ལུའོ་ཧུའུ་ཡིས་བརྩམས།པད་མ་གཡུ་མཚོས་བསྒྱུར། 2017-03-20
དབྱར་དུས་ཀྱི་ཕྱི་དྲོ་ཞིག་ལ། ཉི་འོད་ས་གཞི་ལ་འཕྲོས་སྐབས། མི་ཞིག་གིས་ལས་ཀ་ལས་ཚར་རྗེས་སྟ་རེ་ཁྱེར་ནས་ནགས་གསེང་དུ་བརྒྱུད་སྐབས། ནམ་ཟླ་ཧ་ཅང་དྲོ་བས་ཁོའི་དཔྲལ་བ་རྔུལ་ཆུས་ཁེངས་ཀྱང་ནགས་ཚལ་ཆུང་ཆུང་དེའི་གྲིབ་བསིལ་འོག་ནས་ངལ་གསོ་བྱེད་ཅིང་།དེ་དུས་ལྡང་བའི་བསིལ་རླུང་འཇམ་པོ་ཡིས་ཁོའི་ལུས་ཀྱི་ངལ་དུབ་བསལ་བ་རེད། སྐབས་དེར། མི་དེར་རང་ཉིད་ཀྱི་ལྭ་བ་གཞན་ཞིག་གིས་འཐེན་བཞིན་ཡོད་པའི་ཚོར་སྣང་ཞིག་སྐྱེས་པ་དང་མཉམ་དུ་ཞིབ་ཏུ་བལྟས་ཚེ། དེ་ནི་སྡོང་ཕྲུག་ཞིག་ཡིན།སྡོང་ཕྲུག་གིས་མི་དེ་ལ་ལྷག་བསམ་རྣམ་དག་གིས་བསམ་བཟང་ཅན་གྱི་གྲོགས་པོ་ལགས། ཁྱེད་ཀྱིས་བདག་ལ་རོགས་རམ་ཞིག་བྱེད་ཐུབ་བམ། བདག་གི་ཉེ་འགྲམ་གྱི་སྡོང་བོ་ཐམས་ཅད་གཅོད་ཐུབ་བམ། ཞེས་བཤད། མི་དེས་ཉན་མ་ཐག་ཏུ་ཧ་ལས་སོང་བར་མ་ཟད་ད་དུང་བྲེལ་འཚུབ་ཆེན་པོའི་ངང་ཅི་ཞིག་བྱུང་སོང་ངམ་ཞེས་དྲིས་པ་ན། སྡོང་ཕྲུག་གིས་མ་ཉེས་ཁ་གཡོགས་ཀྱིས་བཤད་རྒྱུར། ཁྱེད་ཀྱིས་ངེས་པར་དུ་སྡོང་ཕྲུག་དེ་ཚོ་གཅོད་དགོས། དེ་དག་གིས་བདག་རང་དབང་གི་སྒོ་ནས་འཕེལ་རྒྱས་འགྲོ་བར་བར་ཆད་ཐེབས་ཏེ། བདག་གི་ལུས་སྟེང་ཏུ་ཉི་འོད་ཀྱང་འཕྲོ་མི་ཐུབ་པར་མ་ཟད། རང་ཉིད་ཀྱི་རྩ་བ་ཡང་རྒྱས་ཐབས་མེད། ཉེ་འཁོར་གྱི་གནས་ཐམས་ཅད་ཁོ་ཚོའི་ས་གནས་ཡིན། བདག་གི་མཐའ་འཁོར་དུ་རླུང་སྒྲ་ཅུང་ཙམ་ཡང་མེད། སྡོང་བོ་འདི་དག་གིས་བདག་གི་སྤྱི་གཙུག་ཏུ་འཆིང་རྒྱ་ཆེན་པོ་ཞིག་བཟོས་ཡོད། ངས་ཁྱོད་ལ་བཤད། གལ་ཏེ་ཁོ་ཚོས་བདག་བཀག་མེད་ན་ང་རང་དབང་གིས་འཚར་ལོངས་བྱུང་ཐུབ་ལ། མི་འགྱངས་བར་ང་རང་ས་ཆ་འདིའི་གཟི་བརྗིད་དུ་འགྱུར་བ་དང་། ངའི་མཛེས་སྡུག་ལྡན་པའི་ལྗོན་གྲིབ་ཀྱིས་ལུང་ཤུར་གཡས་གཡོན་ཚང་མ་འཁེབ་ཐུབ་པ་ཁྱེད་ཀྱིས་ལོ་གཅིག་གི་ནང་དུ་མཐོང་ཐུབ་པའོ།། འོན་ཀྱང་ད་ལྟའི་གནས་ཚུལ་ནི་འདི་འདྲའི་ཐབས་རྡུགས་ཤིག་ཡིན་པས། ཁྱེད་ཀྱིས་ལྟོས་དང་། བདག་གི་གཡས་གཡོན་ཚང་མ་སྡོང་བོ་ཡིས་ཁེངས་ནས། ང་རང་སྡོང་ཕྲན་ཞིག་གི་མཐོ་ཚད་ལྟ་བུ་ལས་མེད།ང་རང་ཧ་ཅང་སེམས་སྡུག་པས་ཁྱེད་ཀྱིས་བདག་ལ་རོགས་རམ་ཞིག་གནང་རོགས་ཞེས་བཤད། མི་དེ་ཡིས་སྡོང་ཕྲུག་ལ་ལྗོན་ཤིང་དེ་དག་བཅད་ན་ཇི་འདྲའི་ཡིད་ཕངས་པ་ཞིག་རེད་ཨང་། དེར་མ་ཟད་གལ་ཏེ་ལྗོན་ཤིང་དེ་ཚོ་གཅད་ན་ཁྱོད་ལ་ཡང་གྲོགས་པོ་མེད་པས་ཁྱོད་ཀྱིས་ད་དུང་བསམ་གཞིགས་ནན་མོ་གཏོང་ཞེས་ཁ་ཏ་བྱོས། སྐད་ཆ་དེ་དག་ཐོས་པ་ན། ཁོས་བསམ་ཚུལ་བསྒྱུར་བ་ལྟ་ཞོག དེ་ལས་ལྡོག་སྟེ་སྔར་ལས་ཨུ་ཚུགས་ཆེན་པོའི་སྒོ་ནས་ལྗོན་ཤིང་དེ་དག་གཅོད་རོགས་ཞེས་རེ་བ་ཞུས། དེ་ནས་ཁོར་བཀོད་པ་གཞན་མེད་པས་ལག་ཟུང་གིས་སྟ་རེ་བཟུང་ནས་མཐའ་འཁོར་གྱི་སྡོང་བོ་ཚང་མ་བཅད་ནས་ཡངས་ཤིང་ཁོད་སྙོམས་པའི་བདེ་ཐང་ཞིག་བྱེད། སྐབས་དེར་སྡོང་ཕྲུག་དགའ་སྤྲོ་རབ་ཏུ་འཕེལ། འོན་ཀྱང་དགའ་བ་དེ་ཡུན་རིང་མ་འགོར་བར། ཉིན་ཁ་ཤས་ཀྱི་རྗེས་སུ། ཚ་ཞིང་སྙིང་རྗེ་མེད་པའི་ཉི་འོད་ས་གཞི་ལ་འཕྲོས་པས་སྡོང་ཕྲུག་གི་གཤེར་ཁུ་སྐམ་པ་དང་མཉམ་དུ་སྡོང་བོའང་སྐམ་ལ་ཁད་དུ་གྱུར། དེར་བསྟུན་ནས་མུ་མཐུད་དུ་འབབ་པའི་ཆར་བ་ཆེན་པོ་ཞིག་གིས་ཁོ་རང་ལ་ནད་ལྗིད་མོ་ཞིག་ཕོག་ཏུ་བཅུག ཡང་མུ་མཐུད་དུ་སེར་བ་བབས་ནས་ཁོའི་ལུས་པོ་ཡོངས་རྫོགས་རྨས་སོང་། མཇུག་མཐར་ཡ་ང་བའི་རླུང་ནག་ཞིག་གིས་ཡལ་འདབ་ཚང་མ་མེད་པར་བཏང་། སྙིང་རྗེ་བའི་སྡོང་ཕྲུག་དེར་དེ་དུས་ཤེད་ཤུགས་སྤུ་ཙམ་ཡང་མེད་པར་གྱུར་ནས། གནས་དེ་ནས་སྐད་དམའ་མོས་ངུ་ཤུམ་བྱས། སྐབས་དེར། སྦྲུལ་ཞིག་ནུར་ཡོང་ནས་སྡོང་ཕྲུག་གིས་བཤད་པ་ཚང་མར་ཉན་རྗེས། ཁོས་བཤད་རྒྱུར། སྡོང་ཕྲུག་གླེན་པ་ལགས། ཁྱེད་རང་རྩ་མེད་དུ་གཏོང་མཁན་ཁྱོད་རང་ཉིད་ཡིན་པ་ཁྱོད་ཀྱིས་ཤེས་སམ། གལ་ཏེ་ཁྱོད་རང་བྱམས་བརྩེ་ལྡན་པའི་ཤིང་ནགས་ཀྱི་གསོ་སྐྱོང་འོག་ཏུ་ཡོད་ན། ཚ་ངད་ཆེན་པོ་ཡིན་ནའང་འདྲ། རླུང་རླབས་དྲག་པོ་གང་ཞིག་ཡིན་རུང་ཁྱོད་རང་འདི་ལྟར་ཉམས་དམས་སུ་གཏོང་མི་ཐུབ། རྒྱུ་མཚན་ནི་སྡོང་རྒན་གྱིས་ཁྱོད་ཉིད་སྲུང་སྐྱོབ་བྱེད་བཞིན་ཡོད། སྡོང་བོ་ཡོད་ཚད་མེད་པར་གྱུར་སོང་དུས། ཁྱོད་ཀྱང་ལོ་རེ་བཞིན་ཇེ་ཆེར་སོང་ནས་སྡོང་རྒན་དེ་དག་དང་འདྲ་བར་མཐོ་ཞིང་བརྗིད་པ་ཅན་ཞིག་ཏུ་འགྱུར་ངེས། དུས་དེར་ཁྱོད་ཀྱིས་ཉིན་གསོག་ཟླ་གསོག་གིས་སྦྱོང་བརྡར་བྱས་པའི་ལུས་ལ་ངར་ཤུགས་ལྡན་པས་རླུང་ནག་ཅི་འདྲ་ཚབས་ཆེ་རུང་དེ་རིང་ལྟར་ཆག་སྒོ་འདི་འདྲ་ཞིག་འབྱུང་མི་སྲིད་ལ། འདི་དག་སྔོན་ཆད་ལས་ཇི་ལྟར་ཚབས་ཆེ་ཡང་ཁྱོས་ཀྱང་ཉམས་སད་བྱེད་ནུས་ལ་འཚེ་མེད་བདེ་གནས་བྱེད་ཆོག་ཅེས་ཟེར། སྦྲུལ་གྱི་སྐད་ཆས་སྡོང་ཕྲུག་ངོ་ཚ་ནས་གདོང་སྟོན་མི་ཐུབ་པར་གྱུར་པ་དང་འགྱོད་པ་ཆེན་པོ་སྐྱེས། འོན་ཀྱང་འདི་ནི་ཕྱིར་ལྡོག་ཐབས་མེད། མ་འོངས་པའི་དཀའ་ཁག་ཡོད་ཚད་ལ་ཁོ་རང་ཉིད་གཅིག་པུ་གདོང་གཏད་དགོས་ཏེ། ཚ་གདུག་ཆེ་བའི་དབྱར་ཁ་ལས་ད་དུང་སྟོན་ཁའི་བསིལ་རླུང་དང་ལྷབ་ལྷུབ་ཏུ་གཡོ་བའི་ཁ་བ། ཆར་རླུང་། གློག་འཁྱུག ཐོག་རྒྱག་སོགས་ཚང་མ་རང་ཉིད་གཅིག་པུ་ཡིས་བསུ་དགོས། །
རྩོམ་གསར། 10