རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར། 2020-08-21
གཞོན་དུས་སུ། རང་ཡུལ་དུ་ཕ་མ་གཉིས་ཀས་སོག་སྐད་ཀྱིས་གླེང་མོལ་བྱེད། ཐ་སྙད་འགའ་ལས་གོ་མི་ཐུབ་པའི་ང་རང་གིས་སྐབས་འགར་བསམ་གཟས་ནས་ཁ་གསལ་ཞིང་སྨྲ་བ་དག་མོས“ཁྱེད་ཀྱིས་གཞུང་སྐད་སྤྱད་རོགས”ཞེས་ལབ་པ་ཡིན། ཨ་མས་རྟག་པར“ཡིད་ཕངས་པ་ལའང་། ཁྱོད་ཀྱིས་ལོ་ན་ལྔའི་ཡར་སྔོན་དུ་སོག་སྐད་བཤད་པ་ཇི་འདྲའི་ལེགས་ཨང”ཟེར།
༡༩༨༩ལོའི་ཟླ༨པའི་ཟླ་སྨད་དུ། ང་རང་ཨ་ཕའི་མངགས་བཀོད་བཞིན་རང་ས་མགོ་མོར་སྙེག་པའི་མགོ་བརྩམས་ཏེ་པེ་ཅིང་ནས་ནང་སོག་མཐོ་སྒང་དུ་ཆས།
ང་དང་མཉམ་དུ་ཆས་མཁན་ལ་གྲོགས་མཆོག་ཝང་ཞུན་ཀུང་(王行恭)ཡོད་པ་དང་། རྒྱང་རིང་འཇར་མན་ན་བཞུགས་པའི་ཨ་ཕས་ཁོང་གི་ལོ་མང་གྲོགས་པོ་སྟེ་པེ་ཅིང་ན་སྡོད་པའི་སོག་རིགས་སྙན་ངག་པ་སྐུ་ཞབས་ཉི་མར་ལམ་འཁྲིད་དུ་བཅུག
ཉི་མ་གནམ་གྲུའི་འབབ་ཚུགས་སུ་ཆེད་དུ་ང་ཚོ་བསུ་རུ་ཕེབས་ཤིང་ང་ཚོར་འགྲོ་རོགས་བྱས་ཏེ། ཝང་ཧྥུ་གསོལ་ཁང་ནས་ཅ་ལག་ལེགས་པར་བཞག་ཚར་དུས་ས་སྲོས་ཀྱི་སྨག་རིམ་སྟུག་པོས་ཡོངས་སུ་ཁེབས་ལ་ཉེ། ཁོས་ང་ཚོ་གྲོང་ཁུལ་གྱི་སྣེ་གཞན་ཞིག་ན་ཡོད་པའི་ཀྲུང་དབྱང་མི་རིགས་སློབ་གླིང་ལ་ཁྲིད་ཅིང་དེར་ཏག་ཏག་དགོང་ཚོགས་ཤིག་ཡོད་འདུག དེ་ནི་ཕྱོགས་གཅིག་ནས་པེ་ཅིང་ཕྱོགས་སུ་ཡོད་པའི་ནང་སོག་གི་ཡུལ་གྲོགས་ཀྱི་ལོ་རེར་ཐེངས་གཅིག་གི་མཉམ་འབྲེལ་སྤྲོ་ཚོགས་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་སྒྲུང་རབས<<འཇང་གུར>>གྱི་དཔྱད་གླེང་ཚོགས་འདུར་ཕེབས་པའི་ཡུལ་ལུང་སོ་སོའི་སོག་པོའི་ཆེད་མཁས་པར་མགྲོན་བསུ་བྱེད་ཀྱིན་འདུག་རབས་བརྗོད་བྱུང་།
ཚོགས་ར་ན་མི་ཤིན་ཏུ་མང་ཞིང་མཁའ་དབུགས་འཁྲུག་ཆ་དོད་པ་དང་གློག་འོད་ཀྱང་གསལ་བོ་མི་འདུག ང་ལ་ཆ་མཚོན་ན་ཉི་མ་འདུས་པའི་མི་ཡོད་ཚད་ལ་ཐེངས་དང་པོར་ངོ་འཕྲད་པ་ཡིན་གཤིས་ཁོར་ཡུག་གསར་བ་འདི་ལ་འཚམ་གང་ཐུབ་བྱས་ནའང་རིམ་གྱིས་སེམས་ཤུགས་ཡོད་ཀྱང་ལུས་ཤུགས་ཀྱིས་མི་ལྕོགས་པར་གྱུར་ཏེ། ཐབས་ཤེས་གང་ཡོད་ཀྱིས་ཁོད་ཡངས་ཤིང་དབེན་འཇགས་ཀྱི་གྲུ་ཁ་ཞིག་བཙལ་ཏེ་མར་བསྡད་པ་ཡིན།
དེར་བསྡད་དེ་ཉེ་འཁོར་དུ་མིག་མྱུལ་རེ་བྱས་དུས་མ་གཞིར་སྔར་ནས་དེ་རུ་སྐྱེས་པ་གསུམ་བསྡད་འདུག སྐྱེས་པ་དེ་གསུམ་ཧ་ལམ་ང་དང་ཆ་འདྲ་བར་ངལ་སྣང་གིས་དུབ་པའི་རྒྱང་རིང་མགྲོན་པོ་རེད། ཡིན་ནའང་གྱོན་གོས་ང་དང་གཅིག་པ་མི་འདུག
ངས་གྱོན་པ་ནི་གྲོང་ཁྱེར་པ་རྣམས་ཀྱི་གྱོན་གོས་ཡིན་ཞིང་ཁོ་ཚོས་གྱོན་པ་ནི་སོག་ཆས་ཡིན་ཏེ། སྐ་རགས་དམ་དུ་བསྡམས་ཤིང་མགོ་ལ་སོག་ཞྭ་གྱོན་པ། རྐང་བར་འཇུ་རྟ་ཡུ་རིང་གྱོན་པས་གྱོན་གོས་གྲལ་དག་ཅིང་བརྗིད་སྟབས་ཀྱིས་བསྡད་འདུག རྩྭ་ཐང་གི་ཉི་མས་ཚིག་ནས་ནག་པོར་གྱུར་ཅིང་རྩྭ་ཐང་གི་སད་སེར་གྱིས་བསླད་པའི་གཉེར་མས་ཁེངས་པའི་ངོ་གདོང་དུ་ཧ་ཅང་ཁྱད་མཚར་བའི་གཟབ་ནན་དང་སྣང་མེད་ཀྱི་ཆ་ཞིག་མངོན། ང་རང་འཛུམ་ཆུང་དང་བཅས་ཏེ་ཁོ་ཚོར་མགོ་དུད་དུད་ཀྱིས་གུས་འདུད་ཞུ་བ་མཐོང་སྟེ་ཁོ་ཚོ་གསུམ་པོས་ཀྱང་གུས་ལན་ཞིག་བསློགས་མཐར་མུ་མཐུད་དུ་ཁུམ་སིམ་མེར་སྨྲ་བ་མེད་པར་བསྡད།
ཡིན་ནའང་ང་རང་ཐེངས་དང་པོར་རྩྭ་ཐང་ནས་ཐོན་པའི་སོག་རིགས་སྤུན་ཟླར་ཕྲད་པ་ཡིན་སྟབས་ཁ་བརྡ་བྱེད་འདོད་རབ་ཏུ་ཆེ་བས་བསྲན་མ་ཚུགས། ཁ་ཕྱིར་འཁོར་ཏེ“ཁྱོད་རང་བདེ་མོ”ཞེས་ཚིག་འགའ་ཤེས་པའི་སོག་སྐད་ཀྱིས་ཁོ་ཚོར་འཚམ་འདྲི་བྱས།
དེ་མ་ཐག་སྣང་མེད་ཀྱི་མིག་ཟུང་མཐའ་དག་སླར་ཡང་གཅིག་ཏུ་བསྡུས་ཏེ་ངའི་སར་ཕུར་ཚུགས་སུ་བལྟས་བྱུང་། ངའི་སེམས་པར་བྲེད་ཤ་ལངས་ཤིང་འཚབ་འཚབ་ཏུ་གྱུར་ཏེ“ང་རང་སོག་པོ་ཞིག་ཡིན། ངའི་ཕ་མ་གཉིས་ཀ་སོག་པོ་ཡིན”ཞེས་རང་ཉིད་ངོ་སྤྲོད་ཀྱི་ཚིག་འགའ་བཤད།
ས་སྲོད་ཀྱི་གློག་འོད་ལས་གང་ཞིག་ངའི་མིག་མདུན་ནས་གསལ་ཐིང་ངེར་སོང་། ཁོ་ཚོ་གསུམ་པོས་ཧ་ལམ་དུས་མཉམ་དུ་ང་ལ་ངོ་འཛུམ་བསྟན་པ་དེ་ནི་དེ་འདྲའི་རྣམ་དག་དང་དགའ་སྤྲོ་འཕེལ་བ། དགེ་སེམས་ཀྱིས་རབ་ཏུ་ཕྱུག་པ་དང་། ཡིད་ལ་བཅབས་པའི་དོགས་འཛེམ་གྱི་མདུད་རྒྱ་སྐད་ཅིག་མ་དེར་གྲོལ་བར་གྱུར་སོང་། དེའང་ཡིན་པ་ངས་བཤད་པ་ནི་ང་ཚོ་ཐུན་མོང་གི་ཕ་སྐད་ཡིན་པས་རེད།
དེའི་རྗེས་ཀྱི་ལབ་གླེང་ནི་ངའི་སོག་སྐད་ཚིག་ཁ་དེ་དག་གིས་བརྗོད་ན་གཏན་ནས་མི་ལྡེང་བ་བཤད་མི་དགོས། ཡིན་ནའང་ངས་པེ་ཅིང་དུ་སྡོད་པའི་སོག་རིགས་སྤུན་ཟླ་ཞིག་ལ་ངག་ཐོག་ལོ་ཙཱ་བྱེད་དུ་བཅུག་ནའང་ཁོ་ཚོས་འཚེར་སྣང་མི་བྱེད། དང་མགོར་བཤད་པའི་སྐད་ཆ་ཚིག་ཁ་དེ་དག་ངའི་ལམ་ཡིག་དང་འདྲ་བར་ང་རང་དུས་དེ་ནས་ཁོ་རང་ཚོའི་འཚོ་བཞེས་ཀྱི་འཇིག་རྟེན་ཏེ་མནར་གཅོད་དང་གནོད་སྐྱོན་གྲངས་མེད་ཐེབས་གཤིས་འགོག་སྲུང་གི་རྒྱ་ཤིན་ཏུ་དམ་པའི་ས་ཆེན་པོར་རང་མོས་སྒོས་འགྲོ་འོང་བྱེད་ཆོག་སོང་།
མ་གཞིར་ཁོ་ཚོ་ནི་རྒྱང་རིང་གི་ཐེན་ཧྲན་རི་བོ(天山)ནས་འབྱོར་བའི་ཐོར་གོད་པ་(土尔扈特人)ཡིན་པར་མ་ཟད། མི་ཚེ་གང་བོར་སྒྲུང་རབས<<འཇང་གུར>>བློར་འཛིན་དང་འཁྲབ་སྟོན་བྱས་པའི་སྒྱུ་རྩལ་པ་དང་དམངས་ཁྲོད་སྙན་ངག་པ་ཡིན་འདུག སོག་པོ་རྣམས་ཀྱིས་ཁོ་ཚོར“འཇང་གུར་སྒྲུང་བ(江格尔齐)”ཞེས་ཞེ་ས་སྦྱོར་གྱིན་འདུག
ཁོ་ཚོའི་སེམས་ནང་དུ་ཨོ་རོད་(卫拉特)ཀྱི་སྔོན་རབས་པའི་རིག་གནས་ཀྱི་གཅེས་ནོར་རྩ་ཆེན་གཅེས་པར་ཉར་འདུག མི་རབས་ནས་མི་རབས་སུ་ངག་ནས་ངག་བརྒྱུད་པའི་དཔའ་བོའི་སྒྲུང་རབས་མུ་ནས་མུ་རུ་བཞུགས་པའི་ཁོར་ཡུག་རྨང་ནས་ཟད་ལ་ཉེ་དུས། ཉེ་བའི་ལོ་འདི་དག་གི་ནང་དུ་རིག་གཞུང་ཁམས་སུ་གཞི་ནས་གཙིགས་མཐོང་བྱས་སོང་། རྒྱུ་མཚན་དེའི་དབང་གིས་ཁོ་ཚོའི་དཀའ་སྡུག་གིས་ཁེངས་པའི་ངོ་གདོང་ལས་ནང་དུ་གཟབ་ནན་དང་ཕྱི་རུ་སྣང་མེད་ཀྱི་ཆ་ཞིག་མངོན་པ་ཡིན་ནམ།
རྣམ་འགྱུར་འདི་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་འབྲོག་པ་གང་མང་ཞིག་གི་གདོང་ལས་རྒྱ་ཆེར་མངོན་ཐུབ། ཡིན་ནའང་ངས་སོག་སྐད་ཀྱིས་འཚམ་འདྲི་བྱེད་དུས་དོགས་འཛེམ་གྱི་མདུན་རྒྱ་དེ་རང་བཞིན་གྱིས་ཞིག་སྟེ་མཚར་སྡུག་གི་ངོ་འཛུམ་དྲོན་མོ་ཞིག་མངོན་པ་ཡིན།
ཐེངས་ཤིག ངས་ཀུ་རེའི་ཚུལ་དུ་སོག་ཡིག་འཁྲིད་པའི་སློབ་དཔོན་ཆེན་མོ་ཞིག་ལ་འདི་ལྟར་བརྗོད་པ་ཡིན། “ངས་འབྲོག་པ་དེ་དག་ལ་སོག་སྐད་ཚིག་ཀ་འགའ་བཤད་པ་དེས་ང་ལས་བྱུང་རྒྱལ་དུ་ཡིད་ཆེས་རྙེད་ཐུབ་སོང་བ་ཞིག་ཡིན་ནམ།”
ཡིད་ཀྱི་དགུ་ལའང་མ་འཁོར་བ་ཞིག་ནི་ཁོས་ནན་ཏན་གྱིས་ལན་བཏབ་བྱུང་། “ཁྱོད་ཀྱིས་ད་ལྟ་ཚིག་ཀ་འགའ་ལས་བཤད་མི་ཐུབ་ནའང་ཡིག་འབྲུ་རེ་རེའི་སྒྲ་འབྱིན་སྟངས་ཤིན་ཏུ་ཚད་ལྡན་ཡིན་པས་རྣ་བས་ཉན་དུས་གསལ་བོར་གོ་ཐུབ། ཁྱོད་ཀྱིས་ཤེས་དགོས་པ་ཞིག་ནི། ཨ་མའི་པང་ཁུག་ལས་བསླབ་པའི་སྐད་རིགས་ལ་མཐོ་ཁྱད་ཕྲ་ཞིང་ཞིབ་པ་ཞིག་བདོག་པས། གཞན་གྱིས་དེ་ཉིད་སློབ་ཐབས་གཏན་ནས་མི་འདུག་ཨང་།”
རྩོམ་གསར། 10