2024-05-17
མི་གཙང་དྲི་མས་དག་པའི།།
རས་དཀར་འཇམ་པོས་ཕྱིས་འདྲའི།།
ཀུན་གསལ་ནམ་མཁའི་ངོས་སུ།།
གསེར་མདོག་ཉི་མ་གཞོན་ནུ།།
གདུགས་དང་བླ་བྲེས་མཛེས་བྱུང་།།
གསེར་འོད་ལམ་ལམ་འཕྲོས་པས།།
ནོར་འཛིན་སྒེག་མོའི་བཞིན་ལ།།
སྔར་མེད་བཞིན་མདངས་གསར་པའི།།
སྐྱེས་སྟོབས་རྣམ་པར་རྒྱས་ནས།།
དཔྱིད་ཀྱི་དཔལ་ཡོན་སླེབས་འདུག།
གཞན་གསོས་བུ་མོའི་སྐད་སྙན།།
ཐོས་འཛིན་རྣ་བའི་བཅུད་དུ།།
བདུད་རྩི་བཞིན་དུ་འཇོ་བས།།
སེམས་ཀྱི་སྐྱོ་སྣང་མ་ལུས།།
སྐད་ཅིག་ཉིད་ལ་བསལ་སོང་།།
ཡིད་འོང་སྐྱེད་མོས་ཚལ་དུ།།
མེ་ཏོག་སྣ་མང་བཞད་བྱུང་།།
གཡུ་སྦྲང་བུང་བ་གཞོན་ནུ།།
སེམས་པ་འཁོར་འཁོར་གནང་སྟེ།།
ཟེའུ་འབྲུ་བཅུད་ཀྱི་དྭངས་མ།།
མཆུ་སྒྲོས་པད་མས་གཞིབས་བྱུང་།།
ལྷུང་ལྷུང་བཞུར་བའི་ཆུ་མོ།།
བཏུང་ན་སྐོམ་གདུང་སེལ་བ།།
ཞུགས་ན་ལུས་གྲིབ་དག་པ།།
ཡན་ལག་བརྒྱད་ལྡན་ཆུ་བོ།།
མཐོ་སྒང་ཡུལ་གྱི་ཆུ་རེད།།
དཔྱིད་ཀྱི་དུས་ཚིགས་སླེབས་དུས།།
ང་རང་སེམས་པ་སྤྲོ་བྱུང་།།
སྤྲོ་བའི་འཛུམ་མདངས་མ་ལུས།།
ཕྱི་ལ་བལྟས་ན་མཐོང་ཐུབ།།
རྩོམ་པ་པོ། དུ་སྤྲིན།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10