དཀར་གསལ་ཟླ་ཡག།

ཆོས་འབྱོར་རྒྱ་མཚོ།        2024-05-22

        དཀར་གསལ་ཟླ་ཡག། བུད་མེད་ཀྱི་ཁྲོད་ནས་གློའུ་མ་ཞིག་ཡིན་ལ། ཡིན་ནའང་དཀར་གསལ་ཟླ་ཡག་ལ་བརྩེ་དུང་བཅོས་མེད་ཅིག་གིས་འཛུམ་མདངས་ཤིག་གེར་མཆིས་པ་འཆར་ནུབ་དང་གསལ་འགྲིབ་བྲལ་བ་ཞིག་རེད་ལ། མཛེས་སྡུག་གི་ཁྲོད་དུ་ཡོད་པའི་དཀར་གསལ་ཟླ་ཡག་ངའི་ཕ་ཡུལ་གྱི་རྩྭ་ཐང་ནས་མཚམས་སྤྲིན་གྱི་གསེབ་ནས་འཆར་བའི་དཀར་གསལ་ཟླ་བ་བཞིན་མཛེས་ཤིང་སྡུག། དཀར་གསལ་ཟླ་ཡག་བུད་མེད་གློའུ་མ་ཞིག་ཡིན་ནའང་དབྱངས་གསལ་སོ་བཞི། སྙན་ཚིག་གི་ཐ་སྙད་བཅད་ལྷུག་སྤེལ་གསུམ་གང་དང་སྦྱར་ནས་འབྲི་དགོས་ན་འབྲི་ཤེས་ཤིང་། དཀར་གསལ་ཟླ་ཡག་ཅེས་པའི་མིང་སྙིང་རྗེ་བོ་འདི་ཉིད། བུད་མེད་འདི་འཇིག་རྟེན་དུ་སླེབས་སྐབས། ས་སྲོད་དུ་འབྱོར་ཞིང་། ཉིན་དེའི་ས་སྲོད་ཀྱི་མཚམས་སྤྲིན་དང་བལྟས་ཚོད་ལ་ཐག་ཉེ་བའི་ཕྱོགས་ན་བཟླུམས་འཁྱིལ་གོར་ཟླུམ་གྱི་ཆུ་ཤེལ་དཀར་གསལ་ཟླ་བ་ལྷང་ངེར་ཤར་འདུག་པའི་རྐྱེན་གྱིས་བུད་མེད་འདིའི་མིང་ལ་དཀར་གསལ་ཟླ་ཡག་ཅེས་བཏགས་པ་ཡིན་ཨང་།

དཀར་གསལ་ཟླ་ཡག། ངེད་ཚང་གི་ཤར་ཕྱོགས་ཀྱི་མཚམས་ནས་ཕར་ལ་ཕྱིན་ན། རྡོ་རྩིག་གི་བ་གམ་མཐོ་རུ་བརྩེགས་པའི་གཞིས་ཀ་དེ་རུ་བདག་མོ་རུ་བཞུགས་ཡོད། ཁྱོད་རང་དལ་གྱིས་ངེད་ཚང་གི་ཤར་ཕྱོགས་ཀྱི་མཚམས་ནས་ལྐོག་ལྐོག་སུད་སུད་ངང་ཕྱིན་ལ། ལམ་འགྲམ་དེ་རུ་མོ་ཊ་ཆག་པོ་ཞིག་ཡོད་པ་མཐོང་ལ། ཁྱོད་ཀྱིས་མོ་ཊ་ཆག་པོ་དེ་ལ་གཡོན་བསྐོར་ཞིག་བྱས་ནས་སོང་ལ། གཡོན་བསྐོར་བྱས་རྗེས་དུད་ཚང་ཞིག་གི་རྒྱ་སྒོ་རུ་བརྒྱུད་དགོས་ལ། རྒྱ་སྒོ་ནས་ཕར་ལ་འགྲོ་ཞོར། ཅུང་ཙམ་སྡོད་ལ་ཕར་ཕྱོགས་ནས་ཕར་ལ་ཅུང་ཙམ་ཕྱིན་དང་། རྡོ་རྩིག་གི་བང་རིམ་མཛེས་ཤིང་། ཡིད་དུ་འོང་བའི་གཞིས་ཀ་དེའི་ཁང་ཁྱིམ་ལ་སྣུམ་ཞག་འཁྱིལ་བ་དེ་ནི་དཀར་གསལ་ཟླ་ཡག་གི་བཞུགས་གནས་ལགས། ལྟོས་ཤིག་ལྟོས་ཤིག། དཀར་ཡོལ་ཕར་ལ་དེད་ཅིང་། སྐར་ཁུང་གི་འགྲམ་དུ་འོང་ནས་དཔེ་དེབ་ཅིག་ལ་སྤྱན་ཟུང་འཕེན་མཁན་ཞིག་ཡོད་པ་ནི་དཀར་གསལ་ཟླ་ཡག་ལགས་རེད། ལོ་བཅུའི་སྔོན་ཏག་ཏག་ཅིག་ལ། དཀར་གསལ་ཟླ་ཡག་ཆོས་སྡེ་ཞིག་ཏུ་ཞུགས་ཤིང་། ཕྱིས་སུ་ལས་དབང་དང་སྟེས་དབང་ཅི་ཡིན་འཆད་མི་ཤེས་པ་ཞིག་གིས་ཆོས་སྡེ་ལས་བུད་དེ་ད་ལྟ་གཞིས་ཀ་གན་ན་བཞུགས་ཡོད། དཀར་གསལ་ཟླ་ཡག་ཚང་གི་ཉེ་འདབས་ན་ལྕགས་ཁང་བཙའ་བོ་ཞིག་ཡོད།དེ་རུ་བཞུགས་པའི་བུད་མེད་དེའང་བཙུན་མ་བྱས་མྱོང་སྐད་འདུག། བུད་མེད་དེ་ནི་དཀར་གསལ་ཟླ་ཡག་བཞིན་རླུང་རྟ་མ་དར་ཞིང་དབང་ཐང་མ་རྒྱས་ཕྱིར། ཀུན་གྱིས་བུད་མེད་དེ་ནི་སྨན་སྐྱིད་སར་མི་འདུག ར་བདེ་སར་མི་འདུག་པ་ཞིག་ཡིན་ཞེས་ངག་སྒོ་རུ་གྲག་ཡོང་།

དཀར་གསལ་ཟླ་ཡག་གློའུ་མོ་ཞིག་ཡིན་ན། གཞིས་ཀ་དེ་འདྲའི་སྐྱིད་པོ་ཞིག་ལ། བསམ་ཡུལ་ལས་འདས་པའི་བདག་སྐྱོང་ཇི་ལྟར་བྱས་པ་ཡིན་ཨང་། གོ་ཐོས་སུ། དཀར་གསལ་ཟླ་ཡག་གློའུ་མ་ཞིག་རེད་ཞུ་དོན། དཀར་གསལ་ཟླ་ཡག་གིས་ཉེ་འདབས་ཀྱི་ལྕགས་ཁང་བཙའ་བོའི་ནང་དུ་ཡོད་པའི་བུད་མེད་དེའི་ཟས་གོས་དང་འཚོ་བའི་མཐུན་རྐྱེན་སྡུག་པོ་རུ་གྱུར་བ་ཤེས་ཤིང་། བུད་མེད་དེ་ལ་རང་གི་ནུས་པའི་ཚོད་ཀྱིས་རམ་འདེགས་བྱད་པའི་རང་ཁྱིམ་གྱི་ཟས་ཞིམ་པོ་དང་ཇ་མངར་མོ། རང་གི་རྒྱན་གོས་སོགས་མང་པོ་ཞིག་ཅི་འདོད་དུ་བྱིན་ཕྱིར། ཀུན་གྱིས་དཀར་གསལ་ཟླ་ཡག་གློའུ་མ་ཞིག་ཏུ་བསྒྲགས་པ་རེད། འོན་ཏང་། དཀར་གསལ་ཟླ་ཡག། ངའི་ཕ་ཡུལ་ནས་བུད་མེད་དམིགས་བསལ་ཞིག་ཡིན། ངའི་ཕ་ཡུལ་གྱི་འབྲོག་པ་དག་གིས་ལོ་རེ་རེའི་དགུན་ཟླ་སླེབས་དུས་དགུན་བཤས་བྱ་ཞིང་། ངའི་ཕ་ཡུལ་གྱི་ཡུལ་ཚོ་རུ་ཡོད་པའི་དུད་ཁྱིམ་ཕྱུགས་ཟོག་མེད་པ་དག་གིས་འབྲོག་ནས་ཕྱུགས་ཟོག་ཉོས་ཏེ། རང་གི་ཁང་སྒོའི་འགྲམ་ནས་མཆུ་བསྡམས་ཤིང་དམར་གསོད་ཀྱི་ལས་ཀ་འཇིགས་སུ་རུང་བ་བྱ་རུང་། དཀར་གསལ་ཟླ་ཡག་ལ་དངུལ་སྒོར་མང་ནའང་ཕྱུགས་ཟོག་ཉོས་ནས་དགུན་བཤས་བྱས་པའི་སྐོར་ནས་མཐོང་ཐོས་གཅིག་ཀྱང་མ་བྱུང་། དཀར་གསལ་ཟླ་ཡག་ནི་ཚེ་སྲོག་ལ་དུངས་མཁན་ཞིག་རེད་ཨང་།

དཀར་གསལ་ཟླ་ཡག། དཔེ་ཀློག་ལ་གོམས་གཤིས་ཆེ་ཞིང་། དཀར་གསལ་ཟླ་ཡག་གིས་བྲིས་པའི་སྙན་ངག་མང་པོ་ཞིག། ངའི་སྤྱི་སྟེགས་སུ་བཀོད་ཡོད་ལ། ང་རང་དཀར་གསལ་ཟླ་ཡག་གི་སྙན་རྩོམ་ལ་དགའ་གུས་ཆེ་བ་མིན་རུང་། རྟག་ཏུ་དཀར་གསལ་ཟླ་ཡག་གིས་བོད་ཡིག་ལ་བཟུང་བའི་རྣམ་འགྱུར་ནི་ཧ་ཅང་བསྙད་དཀའ་བ་ཞིག་ཏུ་འདོད་ཐེངས་རེ་རེའི་འཕྲལ་དུ། ངས་ཅིས་ཀྱང་དཀར་གསལ་ཟླ་ཡག་ལྟ་བུའི་ཆུང་མ་ཞིག་ལེན་དགོས། ངས་ཅིས་ཀྱང་དཀར་གསལ་ཟླ་ཡག་ལྟ་བུའི་བུད་མེད་ཅིག་ལ་རང་གི་རིགས་རྒྱུད་ཀྱི་མེ་ཏོག་བཅོལ་དགོས།

  • ལེ་ཚན་སྔོན་མ།:ཕ་ཡུལ། ངའི་དུས་གསུམ་གྱི་དྲན་པའི་རྡོ་རིང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།