ཕ་ཡུལ། ངའི་དུས་གསུམ་གྱི་དྲན་པའི་རྡོ་རིང་།

ལྕགས་ཐར་རྒྱལ།        2024-05-22

            ཕ་ཡུལ་ན། ཡངས་ཤིང་ཆེ་བའི་རྩྭ་ཐང་གི་བར་སྟོང་ཡོད།

ཕ་ཡུལ་ན། སྐར་ཚོགས་བཀྲ་བའི་ནོར་ལུག་གི་འཕེལ་ཁ་ཡོད།

ཕ་ཡུལ་ན། དཔངས་མཐོ་བའི་གངས་རིའི་རྔམ་བརྗིད་གསལ།

འགྲོས་གསལ་བའི་ཆུ་བོའི་བཞུར་རྒྱུན་མངོན།

ད་དུང་། ཕ་ཡུལ་ན་ཕ་ཡུལ་གྱི་ནམ་མཁའ་དང་ས་གཞི་ཡོད་ལ།

ཕ་ཡུལ་ན་ཕ་ཡུལ་གྱི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཡོད།

ཕ་ཡུལ་ན་ཕ་མ་ཟུང་གི་རྩོལ་བ་ལས་བྱུང་བའི་ཁང་མིག་

ཆུང་ཆུང་དག་གི་བཟོ་བཀོད་ཡོད་ལ།

ཕ་ཡུལ་ན་གཉེན་ཉེ་ཚོའི་དད་འདུན་ལས་འཁྲུངས་པའི་མ་

ཎི་ཡིག་དྲུག་གི་བྱིན་རླབས་འཁྱིལ།

ཕ་ཡུལ་ན་ཉི་ཟེར་འོག་གི་བྱིས་པ་ཚོའི་དབྱངས་གསལ་སོ་

བཞིའི་གདངས་དབྱངས་ཀྱི་ང་རོ་ཡོད།

དེ་བས། ཕ་ཡུལ་ནི་འབྲུད་མི་ཚར་བའི་རིག་གནས་ཀྱི་གཏེར་ཁ་ཞིག་ཡིན།

ཕ་ཡུལ་ནི་རྒྱུ་ཆ་མོད་པའི་བཟོ་སྐྲུན་གྱི་ཕ་ས་ཞིག་རེད།

སུམ་ཉིས་ས་ལ་དཔུང་གིས་འཐབ་པའི་ལོ་རྒྱུས་ཀྱི་བྱུང་

བ་ཁྱེད་དང་འབྲེལ་ཡོད་པས།

ངོ་མཚར་བའི་གཏམ་རྒྱུད་ཅིག་གི་རྒྱུན་ཐག་ཁྱེད་ཡིན།

བློའི་དཔག་པར་དཀའ་བའི་རུས་རྒྱུད་ཅིག་གི་འཕེལ་

ཁ་ཁྱེད་ཀྱི་པང་ནས་མཆེད་པས།

རླབས་ཆེ་བའི་ཚེ་སྲོག་ཅིག་གི་གཟུང་ཐག་ཁྱེད་ཡིན།

ཁྱེད་སྲོག་ལྡན་ཀུན་གྱི་མ་མ་ཡིན།

ཁྱེད་དབུགས་ལྡན་ཡོངས་ཀྱི་འགོ་ཁུངས་ཡིན།

ཕ་ཡུལ་ན་དབྱར་ཁའི་ཚ་བ་ཡོད་ལ་དགུན་གྱི་གྲང་ངར་ཡང་ཡོད་པས།

ཕ་ཡུལ་ན་དགའ་སྤྲོ་ཡོད་ལ་དཀའ་སྡུག་ཀྱང་ཡོད།

ཁྱེད་ཀྱིས། སྤྲིན་དཀར་པོའི་ན་བཟའ་མནབས་ཡོད།

ཆུ་དྭངས་མོས་བྱབས་ཁྲུས་གནང་ཡོད།

ཁྱེད། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཡིན།

དཔའ་དང་སྤོབས་པའི་རྒྱལ་མཚན་བསྒྲེངས་མཁན་ཡིན།

འགྲོ་བ་རིགས་དྲུག་མ་རུ་བསྒོམས་མཁན་དེ་ཁྱེད་ཡིན་ལ།

ལས་རྒྱུ་འབྲས་མིག་བཞིན་སྲུང་མཁན་དེ་ཁྱེད་ཡིན།

བྱམས་སྙིང་རྗེ་སེམས་ནས་བོར་མ་མྱོང་བ་དེ་ཁྱེད་ཡིན།

ཡབ་མེས་ཚོའི་ཤེས་རབ་ཀྱི་སྤྱན་ཟུང་ཁྱེད་ལ་ཐོགས་ཤིང་།

མཁས་པ་ཚོའི་རྣམ་དཔྱོད་ཀྱི་གོ་ཆ་ཁྱེད་ཀྱིས་སྤྲས་ཆོག

ཕ་ཡུལ་གནམ་གྱི་ཀ་བ་ཡིན། ཕ་ཡུལ་ས་ཡི་རྟེན་ཕུར་ཡིན།

ཕ་ཡུལ་ན་ཧི་མ་ལ་ཡའི་དབུ་རྩེ་ནས་ཐོན་པའི་རིགས་རྒྱུད་ཅིག་གི་མེས་པོ་ཡོད།

ཕ་ཡུལ་ན་ཡར་ཀླུང་ལས་མཆེད་པའི་མི་རབས་ཤིག་གི་རྒྱུད་པ་ཡོད།

ཕ་ཡུལ་གྱི་ངོ་གདོང་ལས། ང་ཚོའི་འདས་ཟིན་པའི་བདེ་སྡུག་

དང་དར་རྒུད་མཐོང་ཐུབ་ལ།

ཕ་ཡུལ་གྱི་འཚར་ལོངས་ལས། ང་ཚོའི་ཀྱག་ཀྱོག་གི་བཞུད་

ལམ་དང་མ་འོངས་པ་རྙེད་ཐུབ་པས།

ཕ་ཡུལ་ནར་མ་སོན་པ་ཞིག་རེད་ལ་རྒ་བཞིན་པ་ཞིག་ཀྱང་རེད།

ཕ་ཡུལ་ནི་རྒྱང་ནས་བལྟས་ན་དྲན་ཤིང་གི་ཚོར་འདུ་རབ་རིབ་ཅིག་ཡིན་ལ།

ཉེ་བར་གླན་ན་དྲོད་ལམ་ལམ་བྱེད་པའི་མེ་དཔུང་གི་ཕུང་པོ་མག་མོག་ཅིག་རེད།

ཕ་ཡུལ་གྱིས་སྦྲ་གུར་དང་ལུག་ཁྱུ་མིག་གིས་འཚེས་ཡོད་ལ།

ཕ་ཡུལ་གྱིས་རི་བོ་དང་ཆུ་བོར་སེམས་པ་གླན་ཡོད།

ཕ་ཡུལ་གངས་ཀྱི་ར་བ་ཡིན། ཕ་ཡུལ་སྐར་མ་འོད་ཆེན་ཡིན།

ཕ་ཡུལ་ན། བྱིས་དུས་ཀྱི་རྨི་ལམ་ཡོད་ལ། གཞོན་དུས་ཀྱི་ལང་ཚོ་ཡོད་པས།

ཕ་ཡུལ་ས་ཀོང་ཀོང་ཞིག་གི་མཐིལ་ན་ཡོད།

ཕ་ཡུལ་རི་མཐོན་པོ་ཞིག་གི་ལྟེབས་སུ་འདུག།

ཕ་ཡུལ་སེམས་གཉོམ་པོ་ཞིག་གི་དབུས་སུ་བཞུགས།

ང་ཚོ་ཕ་ཡུལ་གྱི་པང་ནས་རྒྱང་རིང་དུ་འཕུར་དགོས་ལ།

སླར་ཡང་ཕ་ཡུལ་གྱི་རུམ་ལ་ལོག་དགོས་པས།

ང་ཚོ་ནམ་ཡང་ཕ་ཡུལ་གྱི་རྒྱ་ཁྱོན་ལས་བར་བརྒལ་བྱ་ཐབས་མེད།

དེ་བས། ངའི་དངོས་ཡོད་ཕ་ཡུལ་ཡིན་ཆོག་ལ།

ངའི་ཕུགས་བསམ་ཡང་ཕ་ཡུལ་ཡིན་རུང་།

ཕ་ཡུལ་གྱི་ཕྱོགས་ན། ངའི་མེས་པོ་དག་གི་རྐང་ལམ་ཡོད་ལ།

ངའི་རྗེས་རབས་པ་དག་གི་གཞུང་ལམ་ཡང་ཡོད་པས།

ཕ་ཡུལ་རྙིང་བ་ཡིན་ལ་གསར་པ་ཡང་ཡིན་ཆོག

ཕ་ཡུལ་ནི་སྔར་བྱུང་གི་ལོ་རྒྱུས་ལ་ཡིད་ཚིམ་མཁན་ཞིག་མ་ཡིན་པར།

རང་ཉིད་ཀྱི་བློ་གྲོས་ལ་སྐྱབས་བཅོལ་ནས་འཇིག་རྟེན་གསར་པར་

ངོས་འཛིན་བྱེད་མཁན་ཞིག་ཏུ་འཁུམས་པས།

ཕ་ཡུལ་གྱི་ངོ་གདོང་ལ་རྒྱལ་ཁའི་དགའ་སྤྲོ་ཡིས་བརྟས་ཡོད།

དེ་ལྟར། ངའི་བསམ་གཞིག་གི་རྒོད་པོ་འཕུར་ས་ཕ་ཡུལ་གྱི་ནམ་མཁའ་རེད་ལ།

ངའི་འཁྲེང་ཞེན་གྱི་ཆུ་མོ་བཞུར་སའང་ཕ་ཡུལ་གྱི་ས་གཞི་རེད།

  • ལེ་ཚན་སྔོན་མ།:འབྲོག་ཐང་གི་ཟིན་ཐོ་སྐྱ་བྲིས།
  • ལེ་ཚན་རྗེས་མ།:དཀར་གསལ་ཟླ་ཡག།