༄༅།། ལོ་ཙཱའི་ལག་ལེན་ཁྲོད་དུ་བྱ་ཚིག་བརྩེགས་མ་སྤྱད་པའི་ཉེས་དམིགས་དང་སེལ་ཐབས་སྐོར་ལ་ཅུང་ཟད་དཔྱད་པ།

སྐལ་བཟང་ཐུབ་བསྟན་གྱིས་བྲིས།        2024-05-22


གནད་བསྡུས། རྒྱ་བོད་ལོ་ཙཱའི་ལག་ལེན་ཁྲོད་དུ་ལོ་ཙཱ་བས་བྱ་ཚིག་བརྩེགས་མ་སྤྱད་དེ་ཟློས་སྐྱོན་དུ་ཤོར་བར་སྣང་མེད་དུ་བསྐྱུར་བའི་རྒྱུ་རྐྱེན་དང་ཉེས་དམིགས་རྩལ་དུ་བཏོན་ནས་བཤད་པ་དང་འབྲེལ་ཉེས་དམིགས་སེལ་བའི་ཐབས་བསྟན་ཡོད།

གནད་ཚིག། ལོ་ཙཱའི་ལག་ལེན། བྱ་ཚིག། བརྩེགས་མ། ཉེས་དམིགས། སེལ་ཐབས།

གཅིག། བྱ་ཚིག་གི་གོ་དོན་མདོར་བསྟན་པ།

བྱ་ཚིག་ཅེས་པ་ནི་བྱ་བའི་ལས་ཀྱི་ཚིག་སྟེ་ལས་ཚིག་ཀྱང་ཟེར་ཞིང་། བྱ་བྱེད་སྟོན་པའི་ཚིག་སྟེ་བྱེད་པ་པོའམ་བྱེད་པ་གང་རུང་གིས་བྱ་བ་ཞིག་སྒྲུབ་པ་བསྟན་པའི་ཚིག་ལ་ཟེར་བ་དང་། སྤྱིའི་ཆ་ནས་བཤད་ན་བྱེད་པ་པོ་དང་བྱེད་པ་དངོས་ཤུགས་གང་རུང་དངོས་སུ་བསྟན་རྒྱུ་ཡོད་ཅིང་ལས་དང་བྱ་བ་ཐ་དད་དུ་དབྱེ་རྒྱུ་ཡོད་པའི་བྱ་ཚིག་ཐ་དད་པ་དང་། བྱེད་པ་པོ་དང་བྱེད་པ་དངོས་ཤུགས་གང་རུང་དངོས་སུ་བསྟན་རྒྱུ་མེད་ཅིང་ལས་དང་བྱ་བ་ཐ་དད་དུ་དབྱེ་རྒྱུ་མེད་པའི་བྱ་ཚིག་ཐ་མི་དད་པ་གཉིས་སུ་འདུས་ཡོད། བྱ་ཚིག་ཐ་དད་པ་དང་མི་དད་པ་གང་ཡིན་རུང་མིང་ཚིག་བརྗོད་པ་གང་རུང་གི་མཐར་དུས་གསུམ་དང་བསྟུན་ནས་སྦྱར་དགོས་པ་ཡིན་ལ་བྱ་བྱེད་ཅིག་ངེས་པར་བསྟན་དགོས་སོ།།

གཉིས། བྱ་ཚིག་བརྩེགས་མའི་གོ་དོན་དམིགས་སུ་བཀར་ནས་བསྟན་པ།

རྒྱ་བོད་ལོ་ཙཱའི་ལག་ལེན་ཁྲོད་དུ་བསྒྱུར་བྱའི་མ་ཡིག་ཡིན་ན་འདྲ། འགྱུར་ཡིག་ཡིན་ནའང་འདྲ། དེ་དག་ཚང་མའི་ཁྲོད་དུ་བྱ་ཚིག་འབོར་ཆེན་ཞིག་བྱུང་དང་འབྱུང་གི་ཡོད་ལ། འདིར་བཤད་པའི་བྱ་ཚིག་བརྩེགས་མ་ཞེས་པ་ནི་བརྗོད་པ་ཞིག་གི་ནང་དུ་བྱ་ཚིག་མང་པོ་སྤྱད་རྒྱུ་མེད་ཟེར་བའི་དོན་མིན་གྱི། བརྗོད་པ་ཞིག་གི་ནང་དུ་བྱ་ཚིག་གཉིས་སམ་གསུམ་ཡན་མཉམ་དུ་བསྟར་ནས་སྤྱད་པ་ལ་ཟེར་བ་ཡིན། ཡང་བྱ་ཚིག་བརྩེགས་མ་སྤྱོད་མི་ཆོག་ཅེས་ཁ་ཚོན་བཅད་པ་ཡང་མིན་ལ་བྱ་ཚིག་གཅིག་གིས་གོ་ཆོད་པ་ཡིན་ན་བྱ་ཚིག་བརྩེགས་མ་སྤྱད་དགོས་དོན་མི་འདུག་ཅེས་ཞུས་པ་ཡིན། དཔེར་ན་ཤུགས་སྣོན་རྒྱག་པ་ཞེས་པའི་ནང་དུ་བྱ་ཚིག་སྣོན་དང་རྒྱག་མཉམ་དུ་བསྟར་ནས་སྤྱད་ཡོད་ཅིང་། དེ་འདྲའི་རིགས་ལ་ཤུགས་སྣོན་དང་ཡང་ན་ཤུགས་རྒྱག་ཅེས་བྱ་ཚིག་གཅིག་གི་གོ་ཆོད་ཆོད་ཡིན་ན་བྱ་ཚིག་བརྩེགས་མ་མ་སྤྱད་ན་ཡག་པ་ལྟ་བུའོ།།

གསུམ། བྱ་ཚིག་བརྩེགས་མ་སྤྱད་པའི་ཉེས་དམིགས་ལ་དཔྱད་པ།

བྱ་ཚིག་བརྩེགས་མ་སྤྱད་པའི་ཉེས་དམིགས་འདི་ཚོ་ཡོད་དེ། གཅིག་ནི་ཚིག་ཚོགས་མང་དུ་འགྲོ་བ་དང་། གཉིས་ནི་ཚིག་འགྲོས་གཙང་པོ་མི་ཡོང་བ། གསུམ་ནི་བརྗོད་བདེ་པོ་མི་ཡོང་བ། བཞི་ནི་འགྱུར་ཡིག་ལ་ལྷད་ཕོག་ནས་སྤུས་ཚད་དག་པོ་ཡོང་བར་གནོད་པའོ།།

བཞི། བྱ་ཚིག་བརྩེགས་མ་སྤྱད་པའི་ཉེས་དམིགས་སེལ་ཐབས་བསྟན་པ།

བྱ་ཚིག་བརྩེགས་མ་སྤྱད་པའི་ཉེས་དམིགས་སེལ་ཐབས་ལ་གཉིས་ཏེ། གཅིག་ནི་ཚིག་བསྡུ་དགོས་ས་བསྡུ་ཤེས་ནས་ཚིག་ཁྱིམ་མང་དུ་མི་འགྲོ་བ་དང་ནང་དོན་རྙོག་འཛིང་ཅན་མི་འགྲོ་བར་འབད་དགོས། གཉིས་ནི་ཚིག་འཕྲལ་དགོས་སར་འཕྲལ་ཤེས་ནས་ཚིག་སྔ་ཕྱི་འབྲེལ་ཆགས་པ་དང་ཟློས་སྐྱོན་དུ་མི་འགྲོ་བར་བརྩོན་དགོས། གཤམ་ལ་ལོ་ཙཱའི་ལག་ལེན་དང་སྦྲགས་ནས་བཤད་ན། དཔེར་ན། མ་ཡིག་ལ། “全面建设社会主义现代化国家,一个民族都不能少”。(习近平2022年7月12日至15日在新疆考察时的讲话)ཞེས་པའི་འགྱུར་ཡིག་ལ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ཆད་ལུས་བྱ་རྒྱུ་མེད། ཅེས་པའི་ཁྲོད་དུ། ཚིག་རྙོག་དང་བྱ་ཚིག་དུ་མ་བརྩེགས་པའི་འགྱུར་སྐྱོན་མངོན་གསལ་དོད་པོ་ཡོད་པ་སྟེ། འཛུགས་སྐྲུན་བྱེད་ཅེས་པ་དང་ཆད་ལུས་བྱ་རྒྱུ་མེད་ཅེས་པའི་ཚིག་དེ་གཉིས་འོལ་ཚོད་ཀྱིས་ལྟ་བ་ཡིན་ན་སྐྱོན་ཆེར་མེད་པ་འདྲ་བ་ཞིག་སྣང་ཡང་། ཞིབ་ཏུ་དཔྱོད་པའི་ཚེ། འཛུགས་དང་སྐྲུན། བྱེད་གསུམ་ནི་བྱ་ཚིག་སུམ་བརྩེགས་ཡིན་པ་དང་། ཆད་དང་ལུས་དང་བྱ་གསུམ་ཡང་བྱ་ཚིག་སུམ་བརྩེགས་ཡིན། འཛུགས་སྐྲུན་བྱེད་ཅེས་པའི་དོན་འཛུགས་པའམ་སྐྲུན་པས་ཇི་བཞིན་དུ་མཚོན་ཐུབ་པ་དང་། དེ་བཞིན་དུ་ཆད་ལུས་བྱ་རྒྱུ་མེད་ཅེས་པའི་དོན་ཡང་ཆད་རྒྱུ་མེད་པ་དང་ཡང་ན་ལུས་རྒྱུ་མེད་ཅེས་པས་ཇི་བཞིན་དུ་མཚོན་ཐུབ་ན། བྱ་ཚིག་མང་པོ་བརྩེག་དགོས་པའི་དོན་མེད་ཅིང་ཚིག་ཟློས་སྐྱོན་དུ་སོང་འདུག་པ་ཤེས་ཐུབ། དེར་མ་ཟད། བརྗོད་པ་འདི་ནང་དུ་འབྲེལ་སྒྲའི་ཕྲད་ཀྱི་ཡང་བསྡུས་ཆོག་ལ། ཅན་ཞེས་པས་དུ་འགྱུར་བའི་དོན་མཚོན་ཡོད་པ་དེ་ཡང་བསྡུས་ཆོག་པ་རེད། འདི་འདྲའི་རིགས་སོགས་དོན་མེད་ཀྱི་ཚིག་ཚོགས་སྤུངས་དྲགས་ན་འགྱུར་ཡིག་ཀྱང་སྐྱག་དོང་ནང་གི་རྡོ་རིལ་ལྟར་དྲི་ངན་བྲོ་ལ་སྲ་ཞིང་མཁྲེགས་པ་ཞིག་མི་འགྱུར་བའི་ངེས་པ་མེད། དེས་ན། གོང་གི་མ་ཡིག་དེའི་འགྱུར་ཡིག་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པར་མི་རིགས་གཅིག་ཀྱང་ལུས་རྒྱུ་མེད། ཅེས་བྱ་ཚིག་དང་ཚིག་ཕྲད་སོགས་ཀྱི་ཟློས་སྐྱོན་བསལ་ནས་བསྒྱུར་བ་ཡིན་ན། ནང་དོན་གོ་བདེ་ལ་ཚིག་འགྲོས་དྲས་གཙང་མོ་ཡོང་ཐུབ་པ་ཡིན། ཡང་དཔེར་ན། མ་ཡིག་ལ“要铸牢中华民族共同体意识,促进各民族交往交流交融”。(习近平2022年7月12日至15日在新疆考察时的讲话) ཞེས་པའི་འགྱུར་ཡིག་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོར་འཛུགས་ནས་མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་དགོས། ཞེས་པར་མཚོན་ན། སྐུལ་འདེད་གཏོང་ཞེས་པ་ནི་བྱ་ཚིག་སུམ་བརྩེགས་ཅན་ཡིན་ཏེ། སྐུལ་དང་འདེད། དེ་བཞིན་གཏོང་བཅས་སོ།། དེར་མ་ཟད། “共同体”ཞེས་པ་ཐུན་མོང་སྒྲིག་གཞི་ཞེས་བསྒྱུར་འདུག་པ་གནད་ལ་ཁེལ་མེད་པ་དང་། འདུ་ཤེས་བཅང་བ་དང་འཛིན་པ། ཡང་ན་སྐྱེད་པ་སོགས་ཟེར་བ་ལས་འཛུགས་པ་ཞེས་ཟེར་སྲོལ་མེད་པའི་འགྱུར་སྐྱོན་ཡོད་པ་རེད། དེས་ན་དེའི་འགྱུར་ཡིག་ཏུ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅངས་ནས། མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཡོང་བར་བསྐུལ་དགོས། ཞེས་བསྒྱུར་ན་སྒྲ་དོན་གཉིས་ཆ་ནས་འགྱུར་སྤུས་དག་པོ་ཡོང་བར་སྙམ། ཡང་དཔེར་ན། “我州坚持以习近平新时代中国特色社会主义思想为指导”ཞེས་པར་རང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་ཞེས་པའི་འགྱུར་ཡིག་ཁྲོད་ཀྱི་བྱ་ཚིག་བརྩེགས་མ་དོར་ཏེ། རང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་པ་ཞེས་བསྒྱུར་ན་ཚིག་འགྲོས་གཙང་པོ་ཡོང་ངེས་སོ།།

དེ་བཞིན་ལོ་ཙཱའི་ལག་ལེན་ཁྲོད་དུ་དེ་འདྲའི་བྱ་ཚིག་བརྩེགས་མའི་རིགས་ཧ་ཅང་མང་སྟེ། དཔེར་ན། མདུན་སྐྱོད་བྱས་དང་། ལག་བསྟར་བྱས། འབབ་འཕར་བྱུང་། དོན་འཁྱོལ་བྱས། ལས་ཞུགས་ཐུབ་པ། ལོངས་སྤྱོད་བྱས། ཐག་གཅོད་བྱས། མངག་གཏོང་བྱས། གཏན་འབེབས་བྱས། མངོན་འགྱུར་བྱས། ཁྱབ་བསྒྲགས་བྱས། མཁོ་འདོན་བྱས། གདན་འདྲེན་བྱས། བསྒྱུར་ཞུས་བྱས། འཛིན་བཟུང་བྱས་སོགས་ཡོད། དེ་ཚོ་རིམ་པ་བཞིན་དུ་མདུན་དུ་བསྐྱོད་དང་ལག་ལེན་བསྟར། ཡོང་འབབ་འཕར། དོན་ཐོག་ཏུ་འཁྱོལ་ལམ་དོན་ལ་འཁྱོལ། ལས་ཀ་རག། ལོངས་སུ་སྤྱད། ཐག་བཅད། མངགས། གཏན་ལ་ཕབ། མངོན་དུ་གྱུར། བསྒྲགས། སྤྲད་པའམ་སྦྲག་པ། གདན་དྲངས། བསྒྱུར་ཅིང་ཞུས་སམ་བསྒྱུར་ནས་ཞུས། འཛིན་ནམ་བཟུང་ཞེས་གང་ལ་གང་འཚམ་གྱི་སྒོ་ནས་བསྡུས་ཏེ་བསྟན་དོན་མི་འགྱུར་བའི་ཁར་ཚིག་ཟོར་ཡང་དུ་བཏང་ནས་གཏན་ལ་ཕབ་པ་གནད་ཀྱི་དམ་པ་ཡིན་ནོ།།

  • ལེ་ཚན་སྔོན་མ།:རྒྱ་བོད་ཡིག་སྒྱུར་བྱེད་དུས་ཡིག་སྒྱུར་གྱི་རྩ་དོན་གསུམ་བརྩི་སྲུང་བྱེད་དགོས་པའི་ཐད་རགས་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།