མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལོ་ཙཱའི་རྣམ་བཤད་སྐོར་མདོ་ཙམ་གླེང་བ།

བསོད་ཆོས།        2012-11-29

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལོ་ཙཱའི་རྣམ་བཤད་སྐོར་མདོ་ཙམ་གླེང་བ།

མིང་གྲགས་ཆེ་བའི་རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་མཆོག་ནི་དུས་རབས་ཉི་ཤུའི་དུས་སྟོད་ཀྱི་བོད་ཀྱི་ལོ་ཙཱ་བ་དང་ལོ་རྒྱུས་སྨྲ་བ།   སྙན་ངག་པ།   མཚན་ཉིད་རིག་པ་བཅས་ཀྱི་སྨྲ་བའི་ཁྱུ་མཆོག་ཅིག་རེད།   ཁོང་གི་སྐུ་ཚེ་གང་པོར་ལེགས་སྦྱར་གྱི་སྐད་ཡིག་དང་དབྱིན་ཡིག་ལེགས་པར་སྦྱངས་ཏེ་བོད་ཡིག་ནས་དབྱིན་ཡིག་ཏུ་སྤྱོད་འཇུག་ཆེན་མོ་དང་དེབ་སྔོན་བསྒྱུར་བ་དང་ལེཊ་སྦྱར་གྱི་སྐད་ཡིག་ནས་ཆོས་ཀྱི་ཚིཊ་སུ་བཅད་པ་དང་བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་སོགས་བོད་ཡིག་ཏུ་བསྒྱུར་བ་མ་ཟད།   རྣམ་འགྲེལ་དང་རིགས་ཐིགས》《དབུ་མ་རྩ་ཤེས》《སྤྱོད་འཇུག》《མེ་ལོང་མ་སོགས་བོད་འགྱུར་བསྟན་བཅོས་མང་པོ་རྒྱ་གཞུང་དང་གཏུགས་ནས་དཔྱད་གླེང་མཛད་དེ་ལོ་ཙཱའི་རིགས་ལམ་ཐད་སྔར་མེད་ལེགས་བཤད་ཀྱི་སྐྱེས་གྱ་ནོམ་པ་ཕུལ་ཡོད།   ལོ་ཙཱའི་རྣམ་བཤད་དེ་རྣམས་ལས་བོད་ཀྱི་དུས་སྐབས་སོ་སོའི་འགྱུར་མའི་ཁྱད་ཆོས་དང་སྐད་ཡིག་ཁག་གི་དོན་མཚོན་པའི་ནུས་པ་གཅིག་མཚུངས་ཡིན་པ།   རྣམ་དབྱེ་གཞན་དུ་བསྒྱུར་བའི་དགོས་པ་དང་ཇི་བཞིན་བསྒྱུར་བའི་སྐྱོན་ཆ་སོགས་བསྟན་ཡོད་པ་དེ་དག་ནི་བོད་ཀྱི་སྒྲ་སྒྱུར་གཞུང་ལུཊ་མུ་མཐུད་ནས་གོང་འཕེལ་བཏང་བ་དང་ལེགས་ཆ་ཁ་སྐོང་གིས་འཐུས་ཚང་དུ་བཏང་བ་ཁོ་ན་རེད།   ལྷག་པར་དུ་ཁོང་གིས་འགྱུར་ཁག་ལ་དཔྱད་བརྗོད་གནང་བ་དང་ཆབས་ཅིག་དེ་དག་གི་ཧོར་ཁོང་དུ་ལུས་པའི་ཆ་རྣམས་དཔྱད་བརྗོད་ཁ་གསབ་དང་འགྱུར་ཚུལ་མ་དག་པ་རྣམས་ལ་མཛུབ་མོས་རི་སྟོན་གྱིས་སྐྱོན་ཡོན་གསལ་འབྱེད་གནང་ཡོད་པ་དེས་འཕགས་བོད་ལོ་ཙཱའི་དཔྱད་བརྗོད་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད་པ་དང་།   མེ་ལོང་མའི་ལུང་དང་འགལ་བའི་དཔེར་བརྗོད་ལ་གཏན་ཚིགས་ཀྱི་དཔྱད་བརྗོད་བཀོལ་ནས་གླེང་བརྗོད་གནང་ཡོད་པ་དེ་ནི་གཏན་ཚིགས་ཀྱི་ལོ་ཙཱའི་ཐབས་ཤེས་སྤྱད་ནས་སྒྲ་སྒྱུར་བྱེད་པའི་ཐབས་བཟང་ཞིག་ཡིན་པས་བོད་ཀྱི་སྒྲ་སྒྱུར་རིགས་ལམ་འཕེལ་རྒྱས་ཐད་ཀྱི་གལ་ཆེའི་འཚོལ་ཞིབ་གསར་པ་དང་ལེགས་སྐྱེས་གྱ་ནོམ་པ་ཞིག་རེད།   དམ་པ་འདིས་སོར་བཞག་གི་སྒྱུར་ཐབས་ཐད་སྒྲ་སོར་བཞག་ནས་གཟུགས་སོར་བཞག་གི་འཕེལ་འགྱུར་ཕྱིན་ཚུལ་དང་དོན་སྒྱུར་དང་ཐད་སྒྱུར།   རྣམ་དབྱེའི་སྒྱུར་ཐབས་བཅས་ལས་འགྱུར་མ་གོ་དཀའ་སླའི་ཁྱད་པར་བྱུང་ཚུལ།   འགྱུར་ཕྱག་སྐོར་གྱི་དཔྱད་གླེང་།   བོད་ཀྱི་བཀའ་བསྟན་བཅོས་ཀྱི་བརྗོད་ཚིག་ཐད་མཚོན་ཐབས་གསར་པ་དང་ལེན་གང་འདྲ་གནང་ཡོད་མེད།   གོ་བདེ་བའི་ཆེད་དུ་འཆོས་སྒྱུར་བྱེད་ཐབས་སོགས་ནི་བོད་ཀྱི་སྒྲ་སྒྱུར་གཞུང་ལུགས་ལ་ལེགས་བཤད་ཀྱི་སྐྱེས་གསར་པ་བསྟབས་པའི་མཚོན་ཚུལ་ཁོ་ན་ཡིན་ཞིང་།   གཞན་ཟེར་རྗེས་ཟློས་ཙམ་མ་ཡིན་པར་གནད་ལ་འཕིཊ་ཤིང་བདེན་པ་བདེན་ཐུབ་ཀྱི་སྒོ་ནས་ལོ་ཙཱའི་ལག་ལེན་དང་འབྲེལ་ནས་འགྱུར་དཔྱད་གནང་ཡོད་ལ་གཞུང་ལུཊ་འཕེལ་རྒྱས་བཏང་ཡོད་པ་དེ་ནི་ཆེས་རིན་ཐང་དང་ལྡན་པ་ཞིག་ལཊ།   ལྷག་པར་དུ་ཁོང་གིས་ཆེས་ཐོག་མར་རྒྱ་བོད་ཀྱི་རྣམ་དབྱེ་ལ་ཡང་ཁྱད་པར་ཆེན་པོ་ཡོད་པའི་ལྟ་ཚུལ་ཐེངས་དང་པོར་བཏོན་གནང་བ་དེས་རང་ཅག་རྣམས་ལ་དེའི་ཕྱོགས་སུ་ཞིབ་འཇུག་བྱེད་པར་བློ་སྒོ་ཕྱེ་བ་མ་ཟད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།   ཡིན་ན་ཡང་དམ་པ་འདི་སྐུ་འཚོ་བཞུགས་སྐབས་ཉེས་མེད་ཉེས་འགེལ་གྱི་དཀའ་ཚེགས་དུ་མ་འཕྲད་པ་དང་རིག་གཞུང་འཚོལ་ཞིབ་གནང་བར་ཕྱི་ནང་གི་མཐུན་རྐྱེན་ཞན་ལ་འགལ་རྐྱེན་དུ་མ་འཕྲད་པས་བློ་རིག་གི་རྩལ་དང་ཐུཊ་ནུས་གང་མཆིས་རིག་པ་དོན་གཉེར་གྱི་སླད་དུ་འདོན་སྤེལ་གནང་རྒྱུར་བར་ཆད་རབ་དང་རིམ་པར་འཕྲད་པ་ནི་ཁོང་སྐུ་སྒེར་གྱི་ཆག་སྒོ་ཆེན་པོ་ཞིག་ཡིན་པ་མ་ཟད།   འཛམ་གླིང་འཛིན་མའི་གཙུག་ཏོར་དུ་གནས་འཆའ་བའི་བོད་མིའི་ཆོས་དང་ཤེས་རིག་གོང་འཕེལ་གྱི་ཐད་ལ་འཕྲད་པའི་ཆག་སྒོ་ཆེན་པོ་ཞིག་ཡིན་པ་སྨོས་མེད་ཡིན་པ་དཔྱོད་ལྡན་ཀུན་གྱིས་བསམ་པ་ཙམ་གྱིས་ཤེས་ནུས་སོ།།  

 མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལོ་ཙཱའི་རྣམ་བཤད་སྐོར་མདོ་ཙམ་གླེང་བ།
 

ཁོང་གི་དཀའ་ཚེགས་དང་གྱ་གྱུ་མང་བའི་སྐུ་ཚེ་ཧྲིལ་པོའི་ཐུགས་ནུས་གང་མང་རིག་པ་དོན་གཉེར་གྱི་ཕྱོགས་སུ་བཀོལ་སྤྱོད་གནང་ཡོད་པ་དང་། གཅེས་ཤིང་ཕངས་པའི་གསུང་རྩོམ་དུ་མ་གནང་ཡོད་པ་ལས་མང་རབ་ཅིག་བཀའ་ཤག་སྲིད་གཞུང་གིས་དོ་དམ་བཙོན་འཇུག་བྱེད་དུས་གཏོར་བརླག་ཏུ་ཕྱིན་པ་དང་དེ་རྗེས་ངན་རྒུ་ཚང་བའི་རིག་གསར་གྱི་དུས་ཟིང་ནང་འཐོར་གྱར་དང་བོར་བརླག་ཏུ་སོང་ནས་དེང་གི་ཆར་རང་ཅག་གི་བསོད་ནམས་ཀྱི་བགོ་སྐལ་དུ་སྨིན་པ་ནི་གསུང་འབུམ་པོད་བཞི་ཙམ་ལས་བཞུགས་མེད་པས་ན།   ཁོང་གི་ལོ་ཙཱའི་རིགས་ལམ་རྣམ་བཤད་ཆ་ཚང་གླེང་བརྗོད་བྱ་ཐབས་བྲལ།   དེས་ན་འདིར་གསུང་འབུམ་པོད་བཞི་ཡི་ནང་དུ་འཁོད་པའི་སྒྲ་སྒྱུར་གླེང་བརྗོད་རྣམས་རང་བློས་ལྕོགས་ཚོད་ཀྱིས་གླེང་བ་ལ་སྤྲོ་བས་འཇུག་གོ།   དེ་ལ་སྐབས་འདིར་ལོ་ཙཱའི་རྣམ་བཤད་རྣམས་ཁག་གཉིས་སུ་དབྱེ་ནས་འཆད་པར་བྱ་སྟེ།   ལོ་ཙཱ་དང་འབྲེལ་བའི་རྣམ་བཤད་དང་སྒྲ་སྒྱུར་གྱི་སྐྱོན་སེལ་གཉིས་སོ།།དང་པོ།   ལོ་ཙཱ་དང་འབྲེལ་བའི་རྣམ་བཤད།གཅིག སོར་བཞག་གི་འཕེལ་འགྱུར་སྐོར།   དེ་ཡང་སོར་བཞག་གི་སྐོར་ནི་སྒྲ་སྦྱོར་བམ་གཉིས་དང་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསར་རྙིང་གི་བརྡའི་རྣམ་གཞག་ཅེས་པ་སོགས་ལས་ཞལ་གསལ་བར་གསུངས་ཡོད་ཀྱང་དེའི་འཕེལ་འགྱུར་གྱི་ཐད་ལ་དཔྱད་པ་ཞིབ་མོར་གནང་བ་ནི་མཁས་དབང་འདིའི་རྣམ་དཔྱོད་ཀྱི་རྩལ་ལས་བྱུང་སྟེ།   དེ་ཡང་ཆེས་རྙིང་མའི་དུས་སུ་རྒྱ་སྐད་བྲིས་པ་རྣམས་ལ་ཡང་བུདྷ་ལ་འབུད་འདའ་དང་དྷརྨ་ལ་འདར་མ།  སང་ག་ལ་སང་འགའ།   ཕྲཛཉ་ལ་པར་འགྱར།   ཙཀྲ་ལ་ཙ་དཀར།   ཏྲེ་ལོ་ཀ་ལ་ཏ་རེའི་ལོ་ཀ་སོགས་སྒྲ་གདངས་ཅི་ལྟར་ཐོན་པ་བྲིས་ལ།   གནུབས་ཆོས་གྲགས་ཀྱི་ཕྱག་བྲིས་སུ་ཡང་བུ་ལ་འབུ་སོགས་ལན་ཁ་ཡར་བྱུང་ངོ་ཞེས་གསུངས་པར་བརྟག་ན་སྔོན་དུས་སུ་ལེགས་སྦྱར་གྱི་ཚིག་བོད་ཡིག་ཏུ་སོར་བཞག་བྱེད་ཚེ་སྒྲ་གདངས་ཇི་ལྟར་ཐོན་པ་ཙམ་བོད་ཡིག་ཏུ་འབྲི་བ་ལས་ལེགས་སྦྱར་གྱི་ཡི་གེའི་གཟུགས་འདྲ་མཚུངས་ཀྱི་རྣམ་པའི་ཐད་ནས་སོར་བཞག་བྱེད་སྲོལ་མེད་ཀྱང་།   དུས་ཕྱིས་ཙ་ན་བུདྷ་ལ་སྐབས་སུ་འགྲོ་བ་ཞེས་དང་།   སྒྲ་སྦྱོར་བམ་གཉིས་སུ་དྷརྨ་ཞུས་ཆེན་ཞེས་དང་གཞན་ཡང་དཔལ་བརྩེགས་ཀྱི་མདོ་བཏུས་བསྟན་འགྱུར་དུ་བཞུགས་པ་དཔེ་རྙིང་འཁྲུལ་མེད་གཅིག་ཏུ་དྲོནའིབུནིཏལིའོ་ཞེས་དང་བུདྷའི་སྲས་ནི་ར་ཧུ་ལའོ་ཞེས་རྒྱ་གར་གྱི་སྐད་རང་སོར་བཞག་པ་མང་དུ་བྲིས་ཡོད་པ་རྣམས་ཏེ།   དབུས་གཙང་གི་ཆོས་སྡེ་དུས་ཟིང་གི་སྐྱོན་མ་བྱུང་བ་རྣམས་སུ་དཔེ་རྙིང་ཤས་ཆེར་བཞུགས་པ་རྣམས་སུ་སྣང་བ་བཞིན་ནོ་ཞེས་སོ།   །དེས་ན་ཐུ་མི་ནས་སྐ་ཅོག་ཞང་གསུམ་གྱི་སྐུ་ཚེའི་སྟོད་ཀྱི་བར་དུ་སོར་བཞག་རྣམས་མ་ཡིག་གི་རང་སྒྲ་ཐོན་ཙམ་དུ་འབྲི་བའི་སྲོལ་ཡོད་པ་ལ་སྒྲ་སྒྱུར་གྱི་ལོ་པཎ་ཆེན་པོ་སྐ་ཅོག་ཞང་གསུམ་གྱི་མཛད་འཕྲིན་རྒྱས་བཞིན་པའི་དུས་སྐབས་དེ་ནས་བཟུང་གཟུགས་སོར་བཞག་བྱེད་པའི་སྲོལ་ཆེས་ཆེར་དར་བ་དེ་ནི་སོར་བཞག་རྣམས་རང་སྒྲ་གང་ཐོན་ཙམ་སོར་བཞག་བྱེད་པ་ནས་གཟུགས་སོར་བཞག་བྱེད་པའི་དུས་རིམ་དུ་འཕོ་འགྱུར་བྱུང་བ་ཡིན་ཏེ།   ལེགས་སྦྱར་གཙང་སིང་རྒྱ་ཡིག་ཇི་ལྟ་བ་བཞིན་བྲིས་ཆོག་པ་འདི་དུས་ཕྱིས་མཁས་པ་རྣམས་ཀྱིས་མཛད་པ་ཞིག་ཏུ་སྣང་ཞེས་ཆོད་སྡོམ་གནང་ཡོད།   དེ་བཞིན་དུ་དོན་སྒྱུར་དང་ཐད་སྒྱུར་བསྣོར་སྒྱུར་སོགས་དཔེ་དང་བཅས་པའི་སྒོ་ནས་མང་དུ་གསུངས་ཡོད་ཀྱང་དེ་དག་ནི་བོད་ཀྱི་སྒྲ་སྒྱུར་གཞུང་ལུགས་ཀྱི་ཕྱི་མོ་སྒྲ་སྦྱོར་བམ་གཉིས་སོགས་སུ་སྔར་ནས་གསུངས་ཡོད་པ་དེ་དག་བསྐྱར་ཟློས་ཀྱིས་སྐབས་འདིར་འཆད་པའི་དགོས་པ་མི་བདོག་པས་མིང་ཙམ་སྨོས་ནས་བཞག་གོ། གཉིས།   འཕགས་བོད་སྐད་ཡིག་གི་ཁྱད་པར་བསྟན་པ།   ལེགས་སྦྱར་གྱི་རྣམ་དབྱེ་རྐྱེན་དང་བཅས་པའི་མཚམས་སྦྱོར་བྱེད་ལུགས་གང་ལ་བརྟགས་ཀྱང་རྒྱ་དང་བོད་ཀྱི་སྐད་བཞིན་འཇིག་རྟེན་ལ་ངང་གིས་བྱུང་བའི་སྐད་ཅིག་མ་ཡིན་པར་པཎ་ཊི་ཏ་རྣམས་ཀྱིས་ཡུན་རིང་འབད་དེ་ཆེད་གཉེར་གྱིས་བཅོས་པ་ཞིག་གོ་སྙམ་པ་ཞིག་འདུག་སྟེ་འགྲོ་ལྟ་བུའི་བྱ་ཚིག་གཅིག་བྱེད་པ་པོ་གང་ལ་སྦྱར་ཡང་ང་འགྲོ  ཁོ་འགྲོ   བ་གླང་འགྲོ་སོགས་བྱ་ཚིག་ཐད་ཀར་གཟུགས་མ་འགྱུར་བར་གནས་པ་ལ་ལེགས་སྦྱར་ལ་ནི་སྐྱེས་བུ་རེ་རེ་ལ་མི་འདྲ་བ་རེ་དང་སྐྱེས་བུའི་ནང་གསེས་ལ་ཡང་མི་འདྲ་བ་ཁ་རྐྱང་སྦྱོར་ཞིང་རང་བཞིན་ངང་གིས་འབྱུང་བའི་སྐད་ལྟར་གཅིག་གི་རིགས་འགྲེ་ཅིག་ཤོས་ལ་མི་འགྲོ་བར་གཟུགས་དང་ཆོ་ག་མི་འདྲ།   རང་བཞིན་ངང་གིས་བྱུང་བའི་སྐད་ཅིག་ཡིན་ན་བྱིས་པ་ཚུན་ཆད་ཀྱིས་བདེ་བླག་ཏུ་སྨྲ་ནུས་པ་ཞིག་ཡིན་དགོས་རྒྱུ་ལ་འདིར་འདྲ་འགྲིག་དེ་འདྲ་ལོ་དགུ་ལ་སྦྱངས་ནས་སྨྲ་ནུས་མོད་བྱིས་པ་ལ་ཨ་མས་སློབ་ནུས་པའི་སྐད་དུ་ཡེ་མི་འདུག་ཅེས་དང་།   རྣམ་དབྱེ་རྐྱེན་དང་བཅས་པ་འདི་ལྟ་བུ་ཕལ་སྐད་དུ་བྱས་པའི་དུས་ནི་ངེས་པར་ཡོང་མི་སྲིད་ཅེས་གསུངས་ཏེ་འཕགས་བོད་སྐད་ཡིག་གི་ཁྱད་པར་འདི་དག་ས་སྐྱ་པཎ་ཆེན་གྱིས་གསུངས་པ་དང་དགོངས་ཚུལ་འདྲ་ཡང་།   འདིར་སྒྲུབ་བྱེད་ཡོད་པ་དང་ཞིབ་ཆ་ཆེ་ལ་དཔྱད་པ་ཡང་གནད་དུ་འཁེལ་བ་གནང་ཡོད་དེ།   དེ་འདྲའི་འདྲ་འགྲིག་མང་པོ་འབྱུང་བ་ཡང་བྲམ་ཟེ་རྣམས་ཀྱིས་རང་གི་ལུང་ལ་སྐྱེ་བོ་གཞན་འཇུག་དཀའ་བའི་ཆེད་དུ་བཅོས་པ་ལྟར་མི་སྣང་ངམ་ཞེས་ལེགས་པར་གསུངས་ཡོད།   དེས་ན་རྣམ་དབྱེ་རྐྱེན་དང་བཅས་པའི་སྒྲ་སྒྲུབ་ཀྱི་ལུགས་འདི་ནི་མཁས་པ་རྣམས་ཀྱིས་ཆེད་དུ་བཅོས་ཤིང་ལེགས་པར་སྦྱར་ནས་གྲུབ་པ་ལས་རྒན་པོ་རྣམས་ཀྱི་བརྡ་ལ་གྲགས་པ་ཚ་བོ་དང་ཡང་ཚས་དེ་མུར་ཤེས་ཐུབ་པའི་འཇིག་རྟེན་རང་ག་བའི་སྐད་རྣམས་དང་ཡེ་མི་འདྲ་བའི་ཁྱད་པར་ལེགས་པར་བསྟན་ནས།   འཕགས་བོད་སྒྲ་སྒྱུར་བྱ་བར་འཇུག་མཁན་ཞིག་ཡིན་ཕྱིན་ངེས་པར་དུ་སྒྲ་གཞུང་གི་ལུགས་དེ་དག་ཤེས་པ་གནད་དུ་ཆེ་སྟེ།   ལེགས་སྦྱར་ནི་ལེགས་པར་སྦྱར་བ་རང་ཡིན་པས་མང་ཚོགས་ཀྱི་སྐད་ཆ་ཕ་གཏམ་བུ་འཇགས་ཀྱི་ཚུལ་དུ་སྤྱོད་ཤེས་པ་དེ་འདྲ་མེད་པའི་སྣང་ཚུལ་གསལ་རྗེན་དུ་བསྟན་ཡོད་དོ།།  གསུམ།   འགྱུར་ཕྱག་སྐོར་གྱི་དཔྱད་གླེང་།   དེ་ཡང་འགྱུར་ཕྱག་ནི་བསྒྱུར་བའི་བར་ཆད་ཞི་བའི་ཆེད་དུ་ལོ་ཙཱ་བས་སྦྱར་བར་སྨྲ་མོད།   འཆད་ཚུལ་འདི་ཡང་འཐད་པར་མ་མཐོང་སྟེ་རྒྱ་དཔེ་ཐམས་ཅད་ཀྱི་མགོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་དང་འཇམ་དབྱངས་ལ་ཕྱག་འཚལ་ལོ་ཞེས་སོགས་བྲིས་ཡོད་པ་དང་།   བོད་དུ་བསྒྱུར་ཟིན་པ་ཇི་སྙེད་ཅིག་གི་ཕྱི་མོའི་རྒྱ་དཔེ་ངོར་སོགས་ན་བཞུགས་པ་ལ་ཡང་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ་སོགས་བོད་སྐད་ལ་གང་ཡོད་པ་རྒྱ་དཔེ་ལ་ཡང་སྣང་།   དེ་དག་བལ་ཡུལ་དང་རྒྱ་གར་ན་ཉུང་ཟད་བཞུགས་པའི་རྒྱ་དཔེ་ཡིན་པས་བོད་ཀྱི་ལོ་པཎ་ཚོས་འགྱུར་ཕྱག་གི་ཚིག་རྒྱ་དཔེར་བཀོད་པ་ཡང་མིན།   དེ་ཀུན་གྱི་དབུ་ལ་དེ་ལྟར་ཡོད་པས་རང་རེས་འགྱུར་ཕྱག་ནི་རྒྱ་གཞུང་རང་ན་མེད་པ་ལ་ལོ་ཙཱ་བས་བྱས་པར་འདོད་ཅིང་།   དེ་ཡང་བསྒྱུར་བའི་བར་ཆད་ཞི་སླད་དམ་འགྱུར་ལེགས་པར་མཐར་ཕྱིན་པའི་ཆེད་དུ་ལོ་ཙཱ་བས་རང་རང་གི་ལྷག་པའི་ལྷ་ལ་ཕྱག་འཚལ་བའི་དོན་དུ་གསུངས་པ་དང་།   ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་དུས་སུ་འདུལ་བའི་སྡེ་སྣོད་ཀྱི་དབུར་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་བ་དང་མདོ་སྡེའི་སྡེ་སྣོད་ཀྱི་དབུར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཕྱག་མཛད་པ།   མངོན་པའི་སྡེ་སྣོད་ཀྱི་དབུར་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ་ཞེས་སྡེ་སྣོད་ངོས་འཛིན་ཐུབ་པའི་ཕྱག་བྱས་པའི་རྣམ་གཞག་འདི་འཇིག་པར་གྱུར་ཏེ་རང་རེས་ལོ་ཙཱ་བས་འགྱུར་ཕྱག་གསར་དུ་བཀོད་པར་འདོད་པ་གང་ཞིག་བལ་ཡུལ་དང་འཕགས་ཡུལ་ན་བཞུགས་པའི་རྒྱ་དཔེ་ལའང་དེ་དག་ཡོད་པས་ཚུལ་འདི་ཇི་ལྟར་འགྲེལ།   དེས་ན་ཐུ་མིས་སུམ་རྟགས་ཀྱི་གཞུང་མཛད་ཚེ་ངག་གི་དབང་ཕྱུག་འཇམ་དཔལ་དབྱངས་ལ་ཕྱག་མཛད་པར་འགྲེལ་བྱེད་མཁན་པོ་རྣམས་ལ་འགྲེལ་ཚུལ་མང་ཡང་མཐར་གཏུགས་ན་འཕགས་ཡུལ་གྱི་པཎ་ཊི་ཏ་རྣམས་ཀྱིས་གཞུང་རྩོམ་ཚེ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ་བསྟན་བཅོས་ཀྱི་མཚན་སྨོས་པ་དང་རང་རང་གི་འདོད་པའི་ཡི་དམ་གྱི་ལྷ་ལ་ཕྱག་མཛད་པ།   མཆོད་པར་བརྗོད་པ།   དངོས་པོ་ངེས་པར་བསྟན་པ་བཅས་ཀྱི་ལུགས་ལྟར་གནང་བ་ཡིན་མོད།   འགྱུར་ཕྱག་གི་གསང་གནད་འདི་མ་རྟོགས་པས་གནས་ལུགས་དང་མི་མཐུན་པའི་བློ་བཟོ་མང་དུ་བྱས་པ་ལ་རྟོགས་དཔྱོད་མེད་པའི་རྗེས་རབས་པ་རྣམས་ཀྱིས་རི་བོང་ཅལ་འདྲོགས་ཀྱི་ཚུལ་དུ་འབྲངས་པར་མངོན་ནོ།།བཞི།   བོད་འགྱུར་བཀའ་བསྟན་ནང་མཚོན་ཐབས་གསར་པ་དང་ལེན་བྱས་པའི་གླེང་བརྗོད།   རང་རེ་རྣམས་ཀྱིས་བཀའ་བསྟན་བཅོས་སུ་བྲིས་པའི་ཚིགས་བཅད་རྣམས་ཀློག་ཚེ་འདི་དག་ལ་སྒྱུར་ཤན་ཡེ་མ་ཞུགས་པར་བོད་རང་གི་རྩོམ་ཉམས་རྣལ་མ་ཇི་བཞིན་ཐོན་འདུག་སྙམ་པ་ཡང་མ་བརྟག་པའི་ངང་ཚུལ་དུ་ཟད་དེ།   མཁས་དབང་དགེ་ཆོས་ཀྱིས་རྩོམ་ལུགས་འདི་ནི་རྒྱ་སྐད་བོད་དུ་བསྒྱུར་བ་རྣམས་ཀྱི་དབྱིབས་ཁོ་ནར་བྲིས་པ་ཡིན་ལ་དེ་རྣ་བར་འཇགས་འཇགས་ནས་གོ་སླ་བར་སོང་བ་ཡིན་གྱི་བོད་སྐད་རང་དབང་བའི་སྒྲིག་ཚུལ་ནི་མིན་པར་ངེས་མོད་ཅེས་གསུངས་ཏེ།   གལ་ཏེ་བོད་རང་གི་གནའ་བོའི་རྩོམ་ལུགས་ཇི་བཞིན་ཐོན་ཡོད་ན་ཕྱིས་ཀྱི་བཅོས་བཟོའི་གཡའ་མ་ཕོག་པའི་རྩོམ་ལུགས་འདི་ལྟ་བུ་དགོས་ཏེ།   རྒྱལ་པོ་དེ་ཡི་གདུང་འཛིན་དུ།   །དམུ་རྒྱལ་དེ་ཡི་གདུང་འཛིན་དུ།།   དམུ་རྒྱལ་ཐོད་དཀར་དུང་འཛིན་དུ།།  རྒྱལ་བོན་དུང་ཐོད་བྱ་བ་བཞག།   ཅེས་བོན་དཔེ་གནའ་རྩོམ་གྱི་གཤིས་ཉམས་ལྡན་པ་རྣམས་ཀྱི་རྩོམ་ལུགས་སམ་ཡང་ན་ཏུན་ཧོང་གི་ཡི་གེར།   འ་བ་ནི་ཉི་ཉེ་བ་ཉིད།།   བྱ་རོ་རོ་ན་མདུང་གི་རྩེ་རང་ནིག།   ཡོས་རོ་རོ་ན་ལྟམ་གྱི་གོང་ར་ནིག།   ཅེས་སོགས་ཀྱི་རྩོམ་ཉམས་རྣལ་མར་ཐོན་དགོས་པ་ལ་དེ་མ་ཐོན་པ་ཅི་ཡིན་ནམ།   དེས་ན་ལོ་པཎ་ཚོས་འཕགས་ཡུལ་གྱི་རྩོམ་ཉམས་དང་མཚོན་ཐབས་གསར་པ་དང་ལེན་གནང་ཞིང་དེ་གོམས་གོམས་ནས་གོ་བདེ་ཞིང་མེས་པོའི་རྩོམ་ཚུལ་འགའ་བག་ལ་ཞ་བར་གྱུར་ཏེ་རྙིང་ཚབ་གསར་པས་བྱས་པ་དང་གསར་པའི་རིགས་གོམས་ལོབས་སུ་གྱུར་ནས་མེས་པོའི་རྩོམ་སྲོལ་རྣལ་མར་བཟུང་བར་ཟད་དོ།།   དེས་ན་དེང་གི་རྒྱ་བོད་ལོ་ཙཱའི་ལག་ལེན་ནང་སྒྱུར་ཤན་བཞུགས་ཐལ་ཤོར་བའི་རིགས་ལ་མཐའ་དཔྱོད་མཐར་ཕྱིན་པ་བྱེད་དགོས་མོད།   གསར་པའི་རིགས་འགའ་མ་གོམས་པའི་སྣང་འཆར་དེ་ཡིད་ལ་བརྣགས་བརྣགས་ནས་མཐའ་གཅིག་ཏུ་སྐྱོན་དུ་བཟུང་སྟེ་དོར་ན་མཚོན་ཚུལ་གསར་པ་ཡང་ཡོང་མི་སྲིད་པས་མེས་པོས་བླང་དོར་གནང་བའི་ཚུལ་ལ་བསམ་ནས་འོས་འཚམས་ཀྱིས་མཚོན་ཐབས་གསར་པ་དང་ལེན་བྱེད་རྒྱུ་གལ་ཆེའོ།།   ལྔ།   སྐད་ཡིག་ཐམས་ཅད་དོན་མཚོན་པའི་ནུས་པ་འདྲ་མཚུངས་ཡིན་ཚུལ་སྐོར་གྱི་གླེང་བརྗོད།   སྤྱིར་རང་རེས་ལེགས་སྦྱར་ཤིན་ཏུ་ཟབ་པར་སྨྲས་ནས་ཡིག་འབྲི་རེ་གཉིས་ལས་དོན་ཧ་ཅང་མང་པོ་འདོན་པའི་ངན་ཤན་ཞིག་ཞུགས་ཡོད་པ་དེ་ནི་མི་ལེགས་ཏེ།   དེ་ནི་དེའི་མཚོན་དོན་ཙམ་ཡིན་གྱི་དེ་བསྒྱུར་བའི་བསྟན་དོན་མ་ཡིན་པས་སོ།།གནད་ཀ་འདི་མ་ཤེས་པས་འཕགས་བོད་ཀྱི་སྐད་ལ་ནུས་པ་ཆེ་ཆུང་གི་ཁྱད་པར་ཡོད་པ་ཀུན་གྱི་ཁ་ན་བྱང་ཡང་སྒྲ་རྟོག་སེལ་འཇུག་ཏུ་སློབ་དཔོན་ཆོས་ཀྱི་གྲགས་པས་གསུངས་པ་དེ་ལ་གོ་བ་རྣམ་པར་དག་པ་མ་རྙེད་པའི་རྟགས་སུ་ཟད་དོ།   །དེ་ཡང་བུམ་པ་དང་ཀ་བ་ལྟ་བུའི་དོན་གཅིག་སྟོན་པ་ལ་སྐད་རིགས་ཐམས་ཅད་ནུས་པ་ཆེ་ཆུང་དང་དོན་ཟབ་མི་ཟབ་ཀྱི་ཁྱད་པར་མེད་དོ།།དེས་ན་སྐད་རིགས་ཐམས་ཅད་དོན་མཚོན་པའི་ནུས་པ་གཅིག་མཚུངས་ཡིན་པས་མི་རིགས་ཤིག་ལ་ཆོས་ལུགས་དང་སྤྱི་ཚོགས་ཚན་རིག་ཐད་ཀྱི་མིང་བརྡ་ཕུན་སུམ་ཚོགས་ཀྱང་དེ་ལ་ཚན་རིག་ཐད་ཀྱི་མིང་བརྡ་དབུལ་བ་དང་ཅིག་ཤོས་ལ་ཚན་རྩལ་དང་ཁྱད་པར་དུ་རང་བྱུང་ཚན་རིག་ཐད་ཀྱི་མིང་བརྡ་མང་ཡང་ཆོས་ལུགས་དང་སྤྱི་ཚོགས་ཚན་རིག་ཕྱོགས་ཀྱི་བརྡ་དང་ཐ་སྙད་ཉུང་བར་ལྟོས་ནས་རིག་ཚན་གང་རུང་ཞིག་སྐད་ཡིག་གང་རུང་ལ་ལོ་ཙཱ་བྱེད་ཐབས་མེད་པར་སྨྲ་བ་ནི་ཤིན་ཏུ་མི་འཐད་དེ།   སྐད་ཡིག་ཚང་མར་འཕེལ་རྒྱས་འགྲོ་བའི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་པ་དང་སྒྲ་དོན་གང་རུང་གིས་བསྒྱུར་བའི་ཐབས་ལམ་བརྒྱུད་ནས་སྐད་ཡིག་གོང་འཕེལ་བཏང་ཆོག་པས།   དེ་ནི་སྐད་དང་ཡི་གེ་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་དང་མི་མཐུན་པའི་གཏམ་ཞིག་གོ།   དེ་བཞིན་འགྱུར་རྩོམ་དེ་བསྒྱུར་བ་ལས་མང་ཙམ་མ་བྲིས་ན་དོན་མི་གསལ་བ་སྐད་ཡིག་ཐམས་ཅད་ལ་འདྲ་ཞིང་།   ལེགས་སྦྱར་གྱི་ཚིག་རྐང་བརྒྱད་ཅན་རྣམས་བོད་དུ་བདུན་ཅན་དང་བཅུ་ཅན་རྣམས་དགུ་ཅན་དུ་བསྒྱུར་ཡོད་པས་བཀླགས་ན་བོད་སྐད་ཉུང་ཡང་སྔོན་རྗེས་བརྩེགས་འདོགས་སོགས་ཡིག་ཚོགས་ཆེ་བས་བོད་ཡིག་མང་བ་ལྟ་བུར་སྣང་བའི་རྒྱུ་མཚན་ཡང་དེ་ཡིན་པར་གསུངས་སོ།། དེས་ན་འཛམ་གླིང་ན་མིང་དུ་གྲགས་པའི་ལོ་ཆེན་ནེ་ཏའི་གསུང་རྒྱུན་དང་མཐུན་པར་མཁས་དབང་འདིས་སྐད་ཡིག་ཚང་མ་དོན་མཚོན་པའི་ཐད་ནུས་པ་གཅིག་མཐུན་ཡིན་པར་གསུངས་སོ།།དྲུག    འགྱུར་མའི་དཔྱད་བསྡུར་སྐོར་གྱི་གླེང་བརྗོད།   དེ་ལ་སྤྱིར་དོན་གཉིས་སུ་ཕྱེ་ནས་བསྟན་ཡོད་དེ།   སྒྱུར་ཐབས་ལས་འགྱུར་མར་དཔྱད་ཞིབ་གནང་བ་དང་དུས་རིམ་སོ་སོའི་འགྱུར་མའི་ཁྱད་ཆོས་ལ་དཔྱད་པ་གཉིས་སོ།།

1.སྒྱུར་ཐབས་ཀྱི་སྒོ་ནས་དཔྱད་སྡུར་གནང་བ་ནི་རྣམ་འགྲེལ་དང་དུས་འཁོར་ལྟ་བུའི་གཞུང་བོད་སྐད་ལ་གོ་དཀའ་བ་རྣམས་ལེགས་སྦྱར་གྱི་སྐད་ལ་ཐད་ཀ་ཐད་སོར་སྦྱོར་བདེ་བ་དང་།   སྤྱོད་འཇུག་དང་འདུལ་བ་ལུང་ལྟ་བུའི་སྔ་དར་གྱི་འགྱུར་མ་བོད་སྐད་ལ་གོ་བདེ་བ་རྣམས་སྐབས་མང་པོར་རྒྱ་གར་གྱི་སྐད་ལ་ཕར་སྦྱོར་མི་བདེ་ཞེས་གསུངས་པ་ལས།   རྣམ་འགྲེལ་དང་དུས་འཁོར་གྱི་འགྱུར་རྣམས་མ་ཡིག་ལ་བསྟུན་ཤུགས་ཆེ་ཞིང་ཐད་སྒྱུར་གྱི་ཐབས་ལ་སྙེགས་དྲག་པ་རྣམས་ནི།   མ་ཡིག་ལ་ཕར་སྦྱོར་བདེ་ཡང་སྒྱུར་བྱེད་བོད་སྐད་ལ་གོ་དཀའ་བ་དང་འདུལ་བ་ལུང་དང་སྤྱོད་འཇུག་སོགས་བོད་སྐད་ཀྱི་འགྲོ་ལུགས་ལ་བསྟུན་པ་ཤུགས་ཆེ་ཞིང་བསྣོར་སྒྱུར་གཙོ་བོར་མཛད་པས་བོད་སྐད་ལ་གོ་བདེ་ཡང་སྐད་དོད་སོ་སོ་མ་ཡིག་ལ་ཕར་སྦྱོར་མི་བདེ་བའང་ཆོས་ཉིད་ཡིན་ཞེས་ཆོད་གཏམ་གནང་བ་ལས་སྒྱུར་ཐབས་གང་ཞིག་གཙོ་བོར་སྤྱད་མིན་གྱི་གནད་འགག་ལས་འགྱུར་མ་གོ་བདེ་མིན་སྣ་ཚོགས་སུ་གྱུར་བའི་གནས་ལུགས་གསལ་བཤད་གནང་ཡོད།   དེས་ན་རང་རེས་ལོ་ཙཱ་བྱེད་ཚེ་མ་ཡིག་གི་དོན་མ་འཕྱུགས་པའི་རྨང་གཞིའི་ཐོག་དོན་ཐོབ་ཀྱི་སྒྱུར་ཐབས་གཙོ་བོར་བཟུང་ན་འགྱུར་ཁ་གསལ་ལ་གོ་བདེ་ཞིག་ཡོང་བ་ཡིན་ཏེ།   སློབ་སྤྲིངས་ཀྱང་སྔོན་གྱི་འགྱུར་དོན་ཐོབ་ཁོ་ན་གཙོ་བོར་མཛད་པས་བརྗོད་པ་བདེ་ལ་ཚིག་སྦྱོར་གོ་བདེ་བ་ཡིན།   མདོ་སྡེ་རྒྱན་ཡང་དོན་ཐོབ་གཙོ་བོའི་འགྱུར་ཤིན་ཏུ་གུ་ཡངས་པ་ཞིག་ཡོད་ཅེས་དང་།   ཕྱིས་ཀྱི་སྲོལ་བཞིན་འབྲུ་དོན་རེ་རེ་ནས་བསྒྱུར་ཏེ་གོ་རིམ་ཅུང་ཟད་བསྣོལ་ཡང་གོ་ཐུབ་ཙམ་ཞིག་འོང་མཆི་ཡང་དེ་འདྲའི་ཁ་གསལ་ལ་གོ་བདེ་བའི་འགྱུར་མ་སྤུས་ལེགས་ཤིག་ནི་མི་འོང་བར་ཟད་དོ།། གཞན་ཡང་འགྱུར་མ་གོ་དཀའ་བའི་གནད་གཅིག་ནི་འཕགས་བོད་ཀྱི་རྣམ་དབྱེ་རྣམས་མགོ་མཚུངས་སུ་བསྒྱུར་བའི་གནད་ཀྱིས་ཡིན་པས་དོན་སྟོན་པའི་དགོས་དབང་གིས་རྣམ་དབྱེ་མགོ་མཚུངས་དང་གཞན་དུ་བསྒྱུར་བའི་ཐབས་གང་ལ་དེ་འཚམས་སྤྱོད་དགོས་པའི་བླང་བྱ་གནང་ཡོད།   དེས་ན་དམ་པ་འདིས་འགྱུར་མའི་ཁྱད་ཆོས་དངོས་ལ་ཞིབ་དཔྱད་ཀྱིས་བསྒྱུར་བའི་སྐད་དོད་རེ་རེ་ནས་ཞིབ་གང་ཚགས་ཀྱིས་བསྒྱུར་བ་དང་།   ཐད་སྒྱུར་ལ་གཞོལ་ཆེ་བ་ལས་དོན་ཐོབ་གཙོ་བོའི་འགྱུར་ལ་ཐུགས་ཀྱི་མོས་པ་ཆེ་བ་གནང་ནས་ཕྱིས་འབྱུང་ལོ་ཙཱའི་ལས་ལ་གཞོལ་བ་རྣམས་ལ་ལམ་སྟོན་གནང་ཡོད་དོ།།

2.དུས་རིམ་སོ་སོའི་འགྱུར་མའི་དཔྱད་གླེང་ལ་སྔོན་གྱི་ལོ་ཆེན་དེ་ཀུན་རྩ་འགྲེལ་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་ནས་གང་བདེར་བསྒྱུར་བས་ཚིག་འཇམ་ལ་དོན་གསལ་བ་དང་།   ཕྱིས་ཀྱི་ལོ་ཙཱ་བ་བལ་ཡུལ་དུ་དགུན་ཐོག་བསྡད་པ་དག་གིས་འབྲུ་རེ་རེ་ཞིབ་ཚགས་ཆེ་སྐད་དུ་བསྒྱུར་ཏེ་ཚིག་གྱོང་ཞིང་དོན་གྱི་ངོ་བོ་གོ་དཀའ་བར་སོང་ཞེས་དང་ཕྱིས་ཀྱི་བསྒྱུར་བ་རྣམས་ནི་ཚིག་སྤྱིའི་གོ་བ་ལ་བསམ་བློ་མེད་པར་བྱིངས་འགའ་ཞིག་ལ་བསམ་ནས་བསྒྱུར་བ་སྟེ།   དོན་ལ་འགྱུར་དེ་ཟབ་དྲག་པའི་སྐྱོན་ཡིན་པར་དཔྱད་གླེང་གནང་བ་བཞིན།   སྔ་དར་སྐབས་ཀྱི་འགྱུར་རྣམས་མ་ཡིག་གི་དགོངས་པ་རྣལ་མ་ཐུགས་སུ་ཆུད་ནས་གང་བདེར་བསྒྱུར་བས་ཁ་གསལ་ལ་གོ་བདེ་བའི་དགེ་མཚན་ཐོན་ཡོད།   དེས་ན་སྔ་དར་སྐབས་ཀྱི་འགྱུར་རྣམས་ནི་དོན་ཐོབ་གཙོ་བོའི་སྒྱུར་ཐབས་གཞོལ་བའི་ཁྱད་ཆོས་ལྡན་ནོ།།  ཕྱི་དར་སྐབས་ཀྱི་འགྱུར་རྣམས་ནི་འགྱུར་མའི་སྤྱི་དང་བྱེ་བྲག་གི་འབྲེལ་བས་ཐག་གཅོད་དེ་འདྲའི་ཕུལ་དུ་བྱུང་བ་ཞིག་བྱུང་མེད་པས་བྱེ་བྲག་གི་བྱིངས་འགའ་ཞིག་ལ་དགོངས་པ་བཞེད་རྒྱུ་ཐལ་དྲགས་ཏེ་མ་ཡིག་གི་འབྲུ་རེ་རེ་ནས་ཞིབ་ཚགས་ཆེ་སྐད་ཀྱིས་བསྒྱུར་བས་འགྱུར་མའི་ཉམས་ནི་ཚིག་གྱོང་ལ་གོ་དཀའ་བར་གྱུར་ཡོད།   དུས་རིམ་འདི་གཉིས་ཀྱི་ཁྱད་ཆོས་ལ་དཔྱད་ན་མ་ཡིག་གི་དགོངས་པ་རྣལ་མ་ཁོང་དུ་ཆུད་ནས་ཚིག་འཇམ་ལ་དོན་གསལ་བའི་སྒྱུར་ཐབས་ལ་དམ་པ་འདིས་ཀྱང་ཐུགས་མཉེས་པར་མཛད་པ་དང་མ་ཡིག་གི་ཚིག་འབྲུ་རེ་རེ་ལ་ཞིབ་ཚགས་ཆེ་ཐལ་དུ་སོང་ནས་ཚིག་གྱོང་ལ་དོན་གོ་དཀའ་བའི་སྒྱུར་ཐབས་ལ་སྐྱོན་བརྗོད་གནང་ནས་བསྟན་པ་སྔ་དར་སྐབས་ཀྱི་སྒྱུར་ཚུལ་དེ་ག་ལག་བསྟར་བྱས་ན་ལེགས་པའི་གདམས་པ་གནང་ཡོད།   དེས་ན་རྒྱ་བོད་ལོ་ཙཱའི་ལས་ལ་གཞོལ་བ་རྣམས་ཀྱིས་མ་རྩོམ་གྱི་དགོངས་པ་སྤྱི་ཁོང་དུ་ཆུད་པར་བྱས་ནས་ཚིག་འཇམ་ལ་དོན་གོ་བདེ་བར་བསྒྱུར་དགོས་པའི་གནད་ཀ་ཤེས་རྟོགས་ཐུབ་པ་གལ་ཆེའོ།།བདུན།   འགྱུར་མར་གཏན་ཚིགས་ཀྱི་དཔྱད་བརྗོད་གནང་བ།   སྡེ་པ་སངས་རྒྱམ་པས་མདོ་སྡེ་རྒྱན་གྱི་རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན་ཞེས་པའི་ཤོ་ལོ་ཀ་འདིའི་འགྱུར་མི་འདྲ་བ་ལྔ་ཙམ་ལ་ནང་རིག་པའི་དགོངས་དོན་གཞིར་བཟུང་ནས་གཏན་ཚིགས་ཀྱི་ལམ་ནས་གླེང་བརྗོད་གནང་བ་དང་འགྱུར་ལེགས་ཉེས་ཤན་འབྱེད་གནང་བ་དེ་ནི་གངས་ལྗོངས་སུ་གཏན་ཚིགས་ཀྱི་ཐབས་སྤྱད་ནས་འགྱུར་དཔྱད་གནང་བ་སྔ་གྲས་སུ་སྣང་།   སྐབས་འདིར་ལོ་ཆེན་དགེ་ཆོས་ཀྱིས་སྙན་གཞུང་མེ་ལོང་མའི་ནང་གི་ནང་པའི་རིགས་པ་དང་འགལ་བའི་དཔེར་བརྗོད་ལ་མཁས་དབང་སྔ་མ་རྣམས་ཀྱིས།   བདེ་གཤེགས་འདུས་བྱས་འཇིག་པར་ནི།།  གསུངས་པ་བདེན་མོད་དེ་ལྟ་ན་ཡང་།།   ཙ་ཀོ་ར་ཡི་མིག་ཅན་མ།།  བདག་གི་སྙིང་ལ་ད་དུང་གནས།།   ཞེས་བསྒྱུར་བ་ནི་ནོར་ཚབས་ཆེ་བའི་འགྱུར་ཞིག་སྟེ་དེ་ལ་བདེ་གཤེགས་འདུས་བྱས་མི་འཇིག་པར།།   གསུངས་པ་བདེན་མོད་དེ་ལྟ་ན་ཡང་།།   ཞེས་བསྒྱུར་དགོས་པར་གསུངས་ཏེ་མ་ཡིག་གི་སྐད་དོད་ཨབིནཤྭརཱན་ཞེས་པ་ནི་མི་འཇིག་པ་རྣམས་སུ་ཞེས་པ་སྟེ་ཨ་ཡིག་དགག་སྒྲ་ཡིན་པར་གསུངས་པ་དང་གཙོ་ཆེར་འདུས་བྱས་འཇིག་པར་གསུངས་མོད་ཅེ་ན་རིགས་པ་དང་འགལ་བའི་སྐྱོན་མེད་པ་མ་ཟད་ཚིག་སྦྱོར་ཡང་ཤིན་ཏུ་ཕུན་སུམ་ཚོགས་པར་འགྱུར་ལ་དེ་རིགས་པ་དང་འགལ་བའི་སྐྱོན་དུ་བཙན་གྱིས་བཙུད་ན་བསྙོན་དོར་དང་འགོག་རྒྱན།   དོན་གཞན་བཀོད་པ་སོགས་ཐམས་ཅད་རིགས་པ་དང་འགལ་བར་འགྱུར་རོ་ཞེས་མེ་ལོང་མའི་གཞུང་དང་ནང་པའི་གཞུང་ལུགས་དང་སྙན་གཞུང་གི་རིགས་ལམ་གཏན་ཚིགས་སུ་བྱས་ནས་འགྱུར་སྐྱོན་བསལ་བའི་ཐབས་འདི་རིགས་ནི་འགྱུར་མར་གཏན་ཚིགས་ཀྱི་དཔྱད་བརྗོད་བྱེད་ཐབས་སྤྱད་ཡོད།   ཐབས་ལམ་འདི་ནི་དཔྱད་བརྗོད་ཙམ་མ་ཟད་ལོ་ཙཱའི་ལག་ལེན་དངོས་ནང་མ་ཡིག་ལ་གོ་བ་ལོན་དཀའ་བའི་གནས་ཚུལ་འཕྲད་ན་གཞུང་ལུགས་དེའི་རིགས་ལམ་དང་སྦྱར་ནས་གཏན་ཚིགས་དང་མཐུན་པའི་སྒོ་ནས་དཔྱད་པ་གནད་དུ་འཁེལ་བ་བྱས་པ་ཡིན་ན་གཞུང་དོན་ལ་གོ་བ་མ་འཕྱུགས་པ་ལོན་པའི་མཐུན་རྐྱེན་དུའང་འགྱུར་རོ།།མེ་ལོང་མའི་འགྱུར་དཔྱད་འདི་ལ་དེ་ཙམ་གྱིས་ཡིད་མ་ཚིམ་པར་གཏན་ཚིགས་ཀྱི་འགྱུར་དཔྱད་བྱེད་ཐབས་འདི་རང་སྤྱད་ནས་ཅུང་ཟད་བརྟག་ན་སྐྱོན་འདི་མ་ཡིག་གི་འགྱུར་ལ་འཇུག་དཀའ་སྟེ།   བདེ་གཤེགས་འདུས་བྱས་མི་འཇིག་པར།།  བདེན་པར་གསུངས་པ་དེ་བཞིན་ཏེ།།  ཞེས་པར་བསྒྱུར་ན་དེ་ནང་པའི་ལུང་དང་འགལ་བའི་སྐྱོན་དུ་འགྱུར་གྱི་རིགས་པ་དང་འགལ་བའི་དཔེར་ནམ་ཡང་མི་འགྲོ་བའི་ཕྱིར།   སྐབས་འདིར་ནང་པའི་རིགས་པ་དང་འགལ་བའི་དཔེར་འདུས་བྱས་མི་འཇིག་པར་ཟེར་དགོས་ན་ཕྱི་རོལ་པའི་རིགས་པ་དང་འགལ་བའི་དཔེར།   སེར་སྐྱས་གནས་ལ་ཡོད་པ་ཉིད།།   རབ་ཏུ་སྐྱེ་བར་ཉེ་བར་བརྗོད།།    མེད་པ་ཉིད་ལ་བདག་ཅག་གིས།།   རབ་ཏུ་སྐྱེ་བར་གང་མཐོང་ཕྱིར།།   ཞེས་པ་འདི་ཡང་གྲངས་ཅན་པའི་རིགས་པ་དང་འགལ་བའི་དཔེར་ག་ལ་འགྲོ་སྟེ་གྲངས་ཅན་པས་རྒྱུའི་དུས་ན་འབྲས་བུ་མི་མངོན་པའི་ཚུལ་གྱིས་ཡོད་པར་འདོད་པས་དེ་ཡང་།   སེར་སྐྱས་གནས་ལ་མེད་པ་ཉིད།།   རབ་ཏུ་སྐྱེ་བར་ཉེ་བར་བརྗོད།།   ཅེས་མ་བཅོས་ན་དེ་ཕྱི་རོལ་པའི་རིགས་པ་དང་འགལ་བའི་སྐྱོན་དུ་འགྱུར་རྒྱུ་ལྟ་ཅི་སྐྱོན་མེད་ལ་ཚིག་གི་སྦྱོར་བ་ཡང་ཕུན་སུམ་ཚོགས་པར་སྣང་བའི་ཕྱིར་རོ།།   དེས་ན་འདི་ནི་འགྱུར་ནོར་གནད་ཆེ་བ་ཞིག་ཡིན་རྒྱུ་ལྟ་ཅི།   མ་ཡིག་གི་བསྟན་དོན་དང་ཡོངས་སུ་མཚུངས་པའི་འགྱུར་ཞིག་ཡིན་པའི་ཕྱིར་རོ།།    དེ་ཡང་ཡིན་ཏེ་རིགས་པ་དང་འགལ་བ་ནི་ལུང་དོན་དེ་གཞིར་བཟུང་ནས་རིགས་པས་དཔྱད་ཚེ་རང་རང་གཞུང་གི་ལུང་ནས་བསྟན་པའི་དོན་ལས་འགལ་བའི་རིགས་ལ་བརྗོད་དེ།   དེ་ཡང་འདུས་བྱས་འཇིག་པར་གསུངས་པ་དེ་བདེ་གཤེགས་ཀྱི་ལུང་ཡིན།   ལུང་དོན་དེ་གཞིར་བཟུང་ནས་དཔྱད་ན་ཙ་ཀོ་ར་ཡི་མིག་ཅན་མ་འདི་ནི་ད་དུང་ཡང་བདག་གི་ཡིད་ལ་རིང་དུ་གནས་པས་བདེ་གཤེགས་ཀྱིས་འདུས་བྱས་འཇིག་པར་གསུངས་ཀྱང་སྐབས་འདིར་ནི་དེ་ལྟར་མིན་ནོ་ཞེས་གསུངས་པས་ད་གཟོད་ནང་པའི་རིགས་པ་དང་འགལ་བའི་དཔེར་སོང་བ་ཡིན་ནོ།།   གལ་ཏེ་ཐོག་མ་ཉིད་ནས་བདེ་གཤེགས་འདུས་བྱས་མི་འཇིག་པར་གསུངས་ཤེ་ན་དེ་ནི་ནང་པའི་ལུང་དང་འགལ་བའི་དཔེར་འགྲོ་ཡི་རིགས་པ་དང་འགལ་བའི་སྐྱོན་མི་འཇུག་གོ།   སྐབས་འདིར་ལེགས་སྦྱར་བང་མཛོད་དུ་ལེའུ་གསུམ་པའི་ལུང་དང་འགལ་བའི་དཔེར་བརྗོད་དུ་ཞེས་ཐོག་མར་བཀོད་ནས་དེའི་རྗེས་སུ་དཔྱད་ཀྱིན་དཔྱད་ཀྱིན་ནང་པའི་རིགས་པ་དང་འགལ་བའི་དཔེར་བརྗོད་ཡིན་པ་ཤིན་ཏུ་གསལ་ཞེས་ངོས་འཛིན་མཛད་པ་འདིར་སྔ་ཕྱི་འགལ་བའི་སྐྱོན་བྱུང་བས་འཕྱུགས་པར་མངོན་ནོ།།   འོ་ན་སྐབས་འདིར་ཨ་ཡིག་ཡོད་པ་མཁས་དབང་འདིས་དགག་སྒྲར་བཀྲལ་བ་དེ་ཇི་ལྟར་འགྲེལ་ཞེ་ན་ཨ་ཡིག་ཡོད་ཚད་དགག་སྒྲར་ག་ལ་འགྲོ་སྟེ་དགའ་བའི་སྐད་དོད་ནི་ཨནན་ཡིན་ལ་དེ་དགག་སྒྲ་མ་ཡིན་པ་དང་ཀུན་ནས་མཚུངས་སོ།།དེས་ན་འགྱུར་དཔྱད་བྱེད་ཚེ་གཞུང་ལུགས་སོ་སོའི་རྩ་དོན་ཐད་ཀྱི་དགོངས་ཚུལ་གཞིར་བཟུང་ནས་གཏན་ཚིགས་ཀྱི་ལམ་ནས་འགྱུར་མ་ལ་དཔྱད་པ་བྱེད་པ་འདི་ནི་བོད་དུ་རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས།   ལོ་ཆེན་དགེ་ཆོས་སོགས་ཀྱིས་སྔར་ནས་ལག་བསྟར་གནང་འདུག་པས་གཞུང་ལུགས་སོ་སོའི་དགོངས་པ་དང་སྦྱར་ནས་མ་ཡིག་ལ་གོ་བ་ལེན་པ་དང་འགྱུར་རྩོམ་ལ་དཔྱད་ཞིབ་བྱས་པ་ཡིན་ན་མ་རྩོམ་གྱི་དགོངས་པ་ལོན་པ་དང་འགྱུར་སྐྱོན་སེལ་བའི་གྲོགས་སུ་སྨན་པར་འགྱུར་རོ།།གཉིས་པ།   སྒྱུར་ཐབས་ཀྱི་སྐོར།དེ་ཡང་མཁས་དབང་དགེ་ཆོས་ཀྱིས་ལོ་ཙཱ་དང་འབྲེལ་བ་ཡོད་པའི་རྣམ་བཤད་འགའ་ཞིག་རིག་པ་དྲང་པོའི་ལམ་ནས་ཕྱོགས་ལྷུང་མེད་པར་རྒྱུ་མཚན་དང་བཅས་བཤད་ཡོད་ལ་དེ་བཞིན་དྲང་ཕྱོགས་ནས་ལོ་ཙཱ་བྱེད་ཐབས་འགའ་ཞིག་བསྟན་ཡོད་པ་དེ་དག་གཤམ་དུ་མདོར་བསྡུས་གླེང་བར་བྱའོ།།གཅིག   འཕགས་བོད་ཀྱི་རྣམ་དབྱེ་སྒྱུར་ཐབས།   དེ་ལ་འཕགས་བོད་ཀྱི་རྣམ་དབྱེ་སྒྱུར་ཐབས་ནི་ཐོག་མར་སཾ་བོད་ལོ་ཙཱའི་ཤིང་རྟ་ཆེན་པོ་ཐུ་མིས་སྤྱི་དོན་ཙམ་དུ་གསུངས་ཡོད་པ་དང་དེ་རྗེས་ས་སྐྱ་པཎ་ཆེན་དང་དཔང་ལོ་སོགས་ལོ་པཎ་རིམ་བྱོན་རྣམས་ཀྱིས་གསལ་རྒྱས་སུ་སྤྲོས་ཡོད་ལ།   འདིར་ལོ་ཆེན་དགེ་ཆོས་མཆོག་ནས་དཔེར་བརྗོད་དང་རྒྱུ་མཚན་གཉིས་དང་བཅས་པའི་སྒོ་ནས་ཞིབ་གསལ་དུ་བཀྲལ་ཡོད་པ་ནི་སྔོན་མེད་ལེགས་བཤད་ཀྱི་སྐྱེས་བཟང་པོ་འབའ་ཞིག་ཏུ་འཁུམས་སོ།།

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལོ་ཙཱའི་རྣམ་བཤད་སྐོར་མདོ་ཙམ་གླེང་བ།
 

.རྣམ་དབྱེ་གཞན་དུ་སྒྱུར་ཐབས།   དེ་ཡང་རྣམ་དབྱེ་གཞན་དུ་སྒྱུར་ཐབས་ནི་།   ལེགས་སྦྱར་གྱི་རྣམ་དབྱེ་དྲུག་པ་འགའ་ཞིག་བོད་དུ་འདི་ནི་བྱ་བ་ལས་བསྒྱུར་མ་གཏུབ་ཅིང་།   རྣམ་དབྱེ་དྲུག་པ་ཕལ་ཆེར་བོད་སྐད་ལ་གཉིས་པ་དང་དང་པོ་ཁོ་ན་ཡིན་ཞིང་ལེགས་སྦྱར་ལ་ཆུ་ཡིས་གང་བའི་བུམ་པ་བྱ་བ་ལ་སྐད་དོད་ཇི་བཞིན་བསྒྱུར་ན་ཆུ་ཡི་གང་བའི་བུམ་པ་ཞེས་ཡོད་པས་དེས་ན་འཕགས་ཡུལ་གྱི་རྣམ་དབྱེ་དྲུག་པ་བོད་དུ་གསུམ་པར་བསྒྱུར་དགོས་པ་དང་ཝ་ར་ན་སིའི་རྒྱལ་པོ་བྱ་བར་བོད་སྐད་ཀྱི་བརྗོད་སྲོལ་ལ་ཝ་ར་ན་སི་ན་རྒྱལ་པོ་ཞེས་རྣམ་དབྱེ་དྲུག་པ་བདུན་པར་བསྒྱུར་དགོས་པས་འཕགས་བོད་ཀྱི་རྣམ་དབྱེ་ལ་ཁྱད་པར་ཆེན་པོ་ཡོད་དོ།།  གཞན་ཡང་ལེགས་སྦྱར་གྱི་རྣམ་དབྱེ་དྲུག་པ་ཕལ་ཆེར་བོད་སྐད་ལ་རྣམ་དབྱེ་དང་པོ་དང་གཉིས་པ་ཁོ་ན་ཡིན་ཞིང་བོད་ཀྱི་རྣམ་དབྱེ་གསུམ་པ་དང་རྒྱ་གར་གྱི་དྲུག་པ་ཕལ་ཆེར་མགོ་མཚུངས་སུ་ཡོད།   དེས་ན་འཕགས་བོད་ཀྱི་རྣམ་དབྱེ་རྣམས་བསྒྱུར་ཚེ་ཐ་སྙད་ཙམ་མཚུངས་པ་རྒྱུ་མཚན་དུ་བྱས་ནས་ཨུ་ཚུགས་ཀྱིས་མགོ་མཚུངས་སུ་བསྒྱུར་བར་མི་བྱ་སྟེ།   རྣམ་དབྱེ་བསྒྱུར་བ་ལ་ནི་དོན་ཐོབ་ཀྱི་དབང་གིས་གང་ལ་དེ་འཚམས་སུ་བསྒྱུར་རིགས་པ་ཡིན་ནོ།།   དེ་ཡང་སྔོན་གྱི་ལོ་ཙཱ་བ་པ་ཚབ་སོགས་ཀྱིས་དོན་ཐོབ་ཀྱི་དབང་གིས་བསྒྱུར་བས་ཁོང་རྣམ་པའི་འགྱུར་རྣམས་གོ་བདེ་བའི་རྒྱུ་མཚན་གཅིག་དེ་ཡིན།   ཡར་ཀླུང་གྲགས་པ་རྒྱལ་མཚན་གྱི་འགྱུར་རྣམས་གོ་དཀའ་བའི་གནད་ཀ་ཡང་འཕགས་བོད་ཀྱི་རྣམ་དབྱེ་ཕན་ཚུན་མགོ་མཚུངས་སུ་བསྒྱུར་བའི་གནད་འདི་ལ་ཐུག་ཡོད།   དེས་ན་འཕགས་བོད་ཀྱི་རྣམ་དབྱེ་ཕན་ཚུན་བསྒྱུར་ཚེ་རྣམ་དབྱེ་དེས་དོན་གང་སྟོན་ལ་ལེགས་པར་བརྟག་ནས་དོན་གྱི་ཐོབ་ཚུལ་ལྟར་མགོ་མཚུངས་སམ་གཞན་དུ་བསྒྱུར་བ་ཅི་རིགས་བྱེད་དགོས་ཀྱི་མཐའ་གཅིག་ཏུ་ཕྱོགས་ནས་བསྒྱུར་ན་འགྱུར་ལེགས་པོ་ཞིག་འཁྱོངས་པའི་སྐབས་མི་སྲིད་དོ།།ལོ་པཎ་འདིས་བོད་སྐད་དང་རྒྱ་ནག་དབུས་ཀྱི་སྐད་ལྟ་བུ་གཉིས་བསྡུར་དང་།   རྣམ་དབྱེ་སྦྱོར་ལུགས་མི་འདྲ་བ་ཤེས་ཡོང་ཞེས་གསུངས་པ་ལྟར་སྐད་ཡིག་མི་འདྲ་བའི་ཕྲད་དང་རྣམ་དབྱེ་ཕན་ཚུན་བསྒྱུར་ཚེ་གཙོ་བོར་ཕྲད་རྣམ་དབྱེ་དེས་དོན་གང་སྟོན་མིན་ལ་བརྟག་ནས་སྒྱུར་བྱེད་སྐད་དུ་དོན་དེ་མཚུངས་སྟོན་ནུས་པའི་སྐད་དུ་བསྒྱུར་དགོས་ཀྱི་ཕྲད་དང་རྣམ་དབྱེ་ཕན་ཚུན་མགོ་མཚུངས་སུ་བསྒྱུར་དགོས་པའི་ངེས་པ་ཡེ་མེད་དེ།   ལེགས་སྦྱར་གྱི་རྣམ་དབྱེ་རེ་འགའ་བོད་དུ་འདི་ནི་བྱ་བ་ལས་བསྒྱུར་མ་གཏུབ་པའི་གནད་ཀ་འདིས་ཀྱང་ཤེས་ནུས་སོ།།

2.རྣམ་དབྱེ་མགོ་མཚུངས་སུ་སྒྱུར་ཐབས།   རྣམ་དབྱེ་ལོ་ཙཱ་བྱེད་ན་དོན་ཐོབ་ལ་གཞིགས་ནས་བསྒྱུར་དགོས་པས་དེས་ན་འཕགས་བོད་ཀྱི་རྣམ་དབྱེ་ཐམས་ཅད་གཞན་དང་གཞན་དུ་བསྒྱུར་དགོས་པས་ཡེ་མ་ཁྱབ་སྟེ་མགོ་མཚུངས་སུ་བསྒྱུར་བའི་སྐབས་ཀྱང་སྲིད་དོ།།   དཔེར་ན་མངོན་རྟོགས་རྒྱན་གྱི་ཚིག་གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ་ཞེས་པར་གང་དང་སྟེ་ལྷན་གཅིག་པའི་དོན་ལ་རྣམ་དབྱེ་གསུམ་པ་ཡོད་པ་འདི་འདྲ་ཡང་འདིར་རྣམ་དབྱེ་གཞན་དུ་བསྒྱུར་མོད།   རྣམ་དབྱེ་མགོ་མཚུངས་སུ་བསྒྱུར་མི་གཏུབ་པ་ནི་མིན་ཏེ་གང་གིས་ཡང་དག་འགྲོགས་པའི་ཞེས་བསྒྱུར་ན་དོན་སྟོན་ཚུལ་གཅིག་མཚུངས་ཡིན་པ་བཞིན་ནོ།།

3.རྣམ་དབྱེ་རིགས་གཅིག་གིས་བསྡུས་པ་ནི་དཔང་ལོའི་རྣམ་དབྱེ་སྒྱུར་ཐབས་སུ་བསྟན་ཟིན་པས་འདིར་ཟློས་ནས་ཞིབ་གླེང་བྱེད་པའི་དགོས་པ་མི་ལྡན་ནོ།།   དེ་ནི་མ་ཡིག་ཏུ་རྣམ་དབྱེ་གཅིག་ཉིད་དུ་མ་སྦྱོར་དགོས་པ་བོད་སྐད་དུ་དེ་དག་ཀུན་གྱི་མཐར་རྣམ་དབྱེ་གཅིག་སྦྱར་ནས་འཐུས་པར་བྱས་པ་ལྟ་བུའོ།།   འདི་རིགས་ནི་དཔང་ལོའི་རྣམ་དབྱེ་སྒྱུར་ཐབས་སུ་ཞིབ་གསལ་བསྟན་ཡོད་པས་ཟློས་ཏེ་བསྐྱར་བཤད་མི་བྱེད་དོ།།གཉིས།   འཆོས་སྒྱུར་གྱི་ཐབས་བསྟན་པ།   མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སྒྱུར་ཐབས་གཞན་རྣམས་ནི་ལོ་ཙཱའི་གཞུང་གཞན་དང་གཞན་དུ་བསྟན་པར་དགོངས་ནས་ཞིབ་ཆ་བཏོད་དེ་གསུངས་མེད་ཀྱང་།   འདིར་དམིགས་བསལ་གྱི་སྒྱུར་ཐབས་གཞན་ཞིག་ནི་འཆོས་སྒྱུར་གྱི་ཐབས་འདི་ཡིན་ཞིང་།   དེ་ནི་མ་ཡིག་གི་སྐད་དོད་བཞིན་མི་བསྒྱུར་བར་བུ་ཡིག་གི་སྐད་བརྡ་གོམས་སྲོལ་དང་ཚིག་རྒྱན་གྱི་སྦྱོར་ཚུལ།   གཞུང་དོན་གོ་བདེ་བ་སོགས་ཀྱི་དགོས་པ་ལ་དམིགས་ནས་ཚིག་དོ་གལ་ཆུང་བའི་རིགས་སམ་གནད་ཀ་ཆུང་བའི་རིགས་རྣམས་བུ་ཡིག་ཏུ་གོ་བདེ་བ་ཞིག་ཏུ་བཅོས་ནས་སྒྱུར་བའི་ཐབས་ཤིག་ལ་བརྗོད་དོ།།   དེ་ལ་མཁས་དབང་དགེ་ཆོས་ཀྱིས་རང་རེའི་ཡུལ་དབུས་གཙང་གི་ཕྱོགས་སུ་རྒྱ་གར་གྱི་རི་དྭགས་དང་མེ་ཏོག་སོགས་དངོས་མ་མེད་པས་ཆོས་མཚུངས་པ་གཞན་ཞིག་ཏུ་བསྒྱུར་བའམ་ཡང་ན་རང་སོར་འཇོག་པ་ལས་འོས་མ་མཆིས་ཞེས་པ་འདིས་བསྟན་ནོ།།སྒྱུར་ཐབས་འདི་སྤྱོད་པ་ལ་ངེས་པར་དུ་མ་ཡིག་གི་དགོངས་དོན་དང་བུ་ཡིག་གི་ཁྱད་ཆོས་གང་ཅིར་བརྟག་ནས་ཚིག་ཕན་ཚུན་བཅོས་ནས་བསྒྱུར་ཡང་དོན་ལ་འགལ་འཛོལ་མེད་པ་ཞིག་དགོས་སོ།།  དཔེར་ན་ཤཱརྡུལ་ནི་སྟག་ཉིད་དང་ནི་ཁྲག་ལ་སོགས།།   མཐོང་བ་དང་ནི་ཐོས་པ་ལས།།   རྨོངས་པ་ལ་སོགས་འབྱུང་འགྱུར་བཞིན།།   ཞེས་པར་སྟག་ཏུ་བསྒྱུར།   འཆི་མེད་མཛོད་དུའང་སྟག་ཏུ་བསྒྱུར་བ་མཁས་དབང་འདི་པས་རྒྱ་གར་པ་ཞིག་ལ་དྲིས་པས་གཟིག་ཡིན་ཡང་ཟེར།   སྤྱང་ཀི་སྐྱ་ཡུག་ལྟར་འདུག་ཟེར།   སྤྱིར་ལོ་ཆེན་གྱིས་ཚིག་དོ་གལ་ཆུང་བ་འདི་རིགས་གོ་བདེ་ཙམ་དུ་མཛད་པ་ཡང་སྣང་སྟེ་དཔེར་ན་རྣམ་འགྲེལ་ལེའུ་དང་པོའི་རྒྱ་ཤུག་ལ་སོགས་དེ་ཡི་ཡུལ།   སྐྱེས་པ་འཁར་གཞོང་སོགས་པས་ནུས་བྱ་བའི་མ་ཡིག་གི་ཚིག་དེ་སྨྱུག་མ་ལས་བྱས་པའི་སྣོད་བྱེ་བྲག་པ་ཞིག་གི་མིང་ཡིན་འདུག་ཀྱང་དེ་འཁར་གཞོང་དུ་འཆོས་ནས་བསྒྱུར་བ་ལྟ་བུའོ།།སྒྱུར་ཐབས་འདི་རྒྱ་བོད་ལོ་ཙཱའི་ལག་ལེན་ནང་ཉེ་བར་སྤྱོད་བཞིན་མཆིས་ཏེ།   སློབ་གྲྭ་ཆུང་བའི་རྩིས་རིག་གི་བསླབ་གཞིའི་ནང་དུ་བཀྲ་ཤིས་ཀྱིས་ཞོགས་པ་ཆུ་ཚོད་དྲུག་དང་སྐར་མ་བཞི་བཅུར་ལངས་ཀྱི་ཡོད་པ་དང་དབྱངས་ཅན་གྱིས་ཆུ་ཚོད་དྲུག་དང་སྐར་མ་སོ་ལྔ་ལ་ལངས་ཀྱི་ཡོད་པས་སུས་སྔ་བ་ལངས་ཀྱི་ཡོད་དམ་ཞེས་བསྒྱུར་ཡོད་པ་ལྟ་བུ་ནི་འཆོས་སྒྱུར་གྱི་ཐབས་སྤྱད་ཡོད་དེ་དེ་ལྟར་བསྒྱུར་ཡང་བསླབ་གཞིའི་ནང་དོན་དངོས་ལ་ནོར་འཛོལ་མེད་པ་དང་།   བུ་ཡིག་གིས་མ་ཡིག་ལྟ་བུའི་ནུས་པ་ཐོན་ཐུབ་པ་སྟེ་འདིར་མ་རྩོམ་ནང་ཞའོ་ལིའི་དང་ཞའོ་ཀྲང་ཞེས་ཡོད་ཀྱང་ཆོས་མཚུངས་གཞན་བཀྲ་ཤིས་དང་དབྱངས་ཅན་དུ་བསྒྱུར་བའི་རིགས་འདི་འདྲ་རྣམས་སོ།།གཞན་ཡང་ཧི་མ་ལ་ཡའམ་ཧི་མ་བན་ད་ནི་གངས་ཅན་ཏེ་རྒྱ་གར་བྱང་གི་རི་རྒྱུད་ཙམ་ཡིན་པ་ལ་དུས་ཕྱིས་པཎ་ཊི་ཏ་སོགས་རི་འདིའི་བྱང་ངོས་མངའ་རིས་དང་གྲོ་མོ་སོགས་སུ་སླེབས་ཚེ་དེ་ཡང་གངས་ཅན་དུ་བྱས།   དེ་ནས་དབུས་གཙང་ཧྲིལ་གྱིས་གངས་ཅན་དུ་བྱས།   དེས་ན་ཐོག་མར་ཡུལ་གྲུ་གཞན་གྱི་མི་རྣམས་ཀྱིས་ཡུལ་གྱི་མཐའ་གང་ཞིག་ལ་སླེབས་པའི་མིང་དེ་རིམ་གྱིས་ཡུལ་ཁམས་སྤྱིའི་མིང་དུ་འགྲོ་བ་ཡིན་ཞེས་གངས་ཅན་བྱ་བ་ཡང་སྤྱི་མིང་བྱེ་བྲག་ལ་ཐོགས་པའི་མིང་དུ་ལོ་ཙཱའི་ལག་ལེན་དང་འབྲེལ་ནས་བྱུང་བར་གསུངས་སོ།།   དེ་བཞིན་སོར་བཞག་གི་སྒྱུར་ཐབས་དང་རིམ་སྒྱུར།   བསྣོར་སྒྱུར་སོགས་གསུངས་མོད་དེ་དག་ནི་གཞུང་གཞན་དུ་གསུངས་པ་དང་གཅིག་མཚུངས་ཡིན་པས་འདིར་ཟློས་སྐྱོར་གྱིས་འབྲི་བའི་ལས་ལ་མི་འཇུག་གོ།   གསུམ་པ།   འགྱུར་གྱི་སྐྱོན་སེལ་སྐོར།མཁས་དབང་དགེ་ཆོས་ཀྱི་འགྱུར་གྱི་དཔྱད་བརྗོད་ལ་མིང་གི་འགྱུར་དཔྱད་དང་ཚིག་གི་འགྱུར་དཔྱད།   གཞུང་གི་འགྱུར་དཔྱད་བཅས་ཁག་གསུམ་དུ་དབྱེ་ཆོག་པ་ཡིན།   དེ་དག་ལས་གཞུང་གི་འགྱུར་དཔྱད་འགའ་ཞིག་གོང་དུ་སོང་ཟིན་པ་དང་།   འགའ་ཞིག་ནི་མཁས་པ་སྔ་མའི་གསུང་སྒྲོས་དང་མཐུན་པས་འདིར་བཏགས་ཟིན་འཐག་པའི་ངལ་བ་མི་བྱེད་ལ་བྱེ་བྲག་གཞུང་གི་འགྱུར་དཔྱད་སྐབས་སུ་འགྱུར་ལྷག་པ་དང་ཆད་པ་སོགས་ཀྱི་སྐོར་ཅུང་ཟད་གླེང་ན།  

1.འགྱུར་ལྷག་པ་ནི་སྣོན་སྒྱུར་དང་མི་འདྲ་བར་བུ་ཡིག་གི་ནང་དོན་འགའ་ཞིག་མ་ཡིག་གི་བསྟན་དོན་དང་བསྡུར་ན་ནང་དོན་ལྷག་པའི་སྐྱོན་བྱུང་བ་ཞིག་སྟེ་མ་ཡིག་ཁུངས་བཙན་པར་མ་བཟུང་པའི་འགྱུར་སྐྱོན་ཞིག་གོ།   དཔེར་ན་འདར་ལོས་དཔག་བསམ་འཁྲི་ཤིང་གི་མ་དཔེ་བུ་དཔེ་གཉིས་བསྡུར་བ་ལས་འགྱུར་ཆད་པར་དོགས་ནས་བོད་ཡིག་གི་ནང་དོན་ལ་གཞིགས་ནས་ཕར་གསབ་སྒྱུར་བྱས་པའི་གསུང་སྒྲོས་ཡོད་ཀྱང་ཁ་གསབ་གནང་བ་དེ་དག་འགྱུར་ལྷག་པའི་སྐྱོན་དུ་གྱུར་ཡོད་པར་མཁས་དབང་འདི་པས་གསུངས་པ་དང་།   འགྱུར་སྐྱོན་འདི་དང་འདི་འདྲ་བ་ནི་དེང་གི་རྒྱ་འགྱུར་མི་དབང་རྟོགས་བརྗོད་ཀྱི་ནང་དུ་མ་ཡིག་ནང་མེད་པའི་ནང་དོན་འགའ་ཞིག་བུ་ཡིག་ཏུ་ཡོད་པ་ལྟ་བུའི་རིགས་རྣམས་ཏེ།   དེ་ནི་མ་ཡིག་ཚད་མར་མ་བཟུང་བའི་སྐྱོན་གནད་ཆེ་བ་ཞིག་ཡིན་ནོ།།

2.འགྱུར་ཆད་པ་ནི་མ་ཡིག་ལ་ཡོད་པའི་ནང་དོན་འགའ་ཞིག་ལོ་ཙཱ་བས་གལ་པོ་ཆེར་མ་བཟུང་བར་བསྐྱུར་བའམ་ཡང་ན་བསྒྱུར་དཀའ་བའི་རིགས་རྣམས་ལ་གཡོལ་ནས་བོར་བས་ཆད་པའི་སྐྱོན་བྱུང་བ་སྟེ།   འདི་དང་འཕྲི་སྒྱུར་གཉིས་ལ་ངོ་བོའི་ཐད་ཀྱི་ཁྱད་པར་ཡོད།   དཔེར་ན་བོད་འགྱུར་སྙན་ངག་མེ་ལོང་མ་ཡི་ནང་རྒྱ་གཞུང་དུ་ཡོད་པའི་ཤོ་ལོ་ཀ་བཞི་དང་ཚིག་རྐང་གཉིས་ཆད་ཡོད་པ་རྣམས་དང་འཆི་མེད་མཛོད་དུ་འགྱུར་ཆད་བྱུང་བ་རྣམས་མཁས་དབང་འདིས་མཛུབ་མོ་རི་སྟོན་གྱིས་གང་དང་གང་ཆད་པ་ཞལ་གསལ་བར་གསུངས་ཡོད་པ་བཞིན་ནོ།།  དེ་བཞིན་དུ་རྒྱ་འགྱུར་མི་དབང་རྟོགས་བརྗོད་ནང་དུའང་རྒྱ་ཡིག་ཏུ་བསྒྱུར་དཀའ་བའི་མ་ཡིག་གི་དོན་མང་ཙམ་ཆད་ཡོད་པ་དེ་དག་ནི་འགྱུར་ཆད་པའི་སྐྱོན་དུ་འགྱུར་རོ།   །དེས་ན་གཞུང་འདི་དག་ཏུ་བསྟན་པའི་འགྱུར་སྐྱོན་འདི་རྣམས་ཀྱིས་དེང་གི་བོད་རྒྱ་ལོ་ཙཱའི་དཔྱད་བརྗོད་དང་ལག་ལེན་ནང་མཛུབ་ཁྲིད་ཀྱི་ནུས་པ་ལེགས་པར་ཐོན་ཐུབ་བོ།།

3.བརྡ་དོན་ལོག་པར་བསྒྱུར་བ་ནི་བོད་དུ་མུན་པ་ནི་དངོས་པོ་མེད་པ་ཙམ་ཞེས་པ་ནི་ལོ་ཙཱ་བའི་སྐྱོན་ཏེ་ཨབྷཡེ་ཞེས་པའི་བྷ་ནི་འོད་ཟེར་རམ་གཟི་བརྗིད་དམ་ཉི་མ་ལ་ཟེར་བས་དེ་མེད་པ་ནི་མུན་པ་སོགས་འདུག་ཅེས་མིང་བརྡའི་དོན་ལོག་པར་བསྒྱུར་བ་དང་།   མིང་ཚིག་འགྱུར་སྐྱོན་ནི་སློབ་དཔོན་གྱི་མཚན་ལ་ཨ་ནུ་བྷུ་ཏི་ནི་ཉམས་མྱོང་བཟང་པོ་ཡིན་པ་ལ་རྗེས་སུ་འབྱོར་བྱ་བ་བར་བསྒྱུར་ནས་བྲིས་པ་ལྟ་བུའོ།།གཞན་ཡང་སྒྲ་སོར་བཞག་ཐད་ལེགས་སྦྱར་ལ་མེད་པ་འགའ་ཞིག་ལ་ཨཱ་རིང་བྲིས་པར་ས་པཎ་གྱིས་དགག་པ་མཛད་པ་ལ་མཁས་དབང་འདིས་དེ་དག་ནི་རྒྱ་གར་གྱི་སྐད་གདངས་ཇི་ལྟར་ཐོན་པ་ལྟར་བྲིས་པ་ལས་མ་ཡིག་གི་གཟུགས་ཇི་ལྟ་བ་བཞིན་སོར་བཞག་བྱས་པ་མིན་པས་སྐྱོན་དུ་མི་འགྱུར་བར་གསུངས་པ་དང་།   བརྡ་དག་གི་སྐྱོན་སེལ་ཐད་སྤྱོད་འཇུག་ཏུ་མོ་ཚོགས་འདི་དག་ཅི་ལས་བྱུང་ཟེར་བ་ལ་མེ་ཚོགས་ནི་ཡིག་ནོར་ཤོར་བ་ཡིན་གྱི་མ་ཡིག་གི་དོན་དེ་ལྟར་མིན་པ་དང་བག་མེད་ཁྲོད་ན་གནས་གྱུར་ཀྱང་ཞེས་པའི་དོན་ལ་བུད་མེད་ཁྲོད་ན་ཞེས་བྱ་བ་ནི་ཡིག་ནོར་ཤོར་བ་ཡིན་གྱི་མ་ཡིག་གི་དོན་དེ་འདྲ་མིན་པའི་ཚུལ་ལ་དཔྱད་པ་གནད་དུ་འཕྱིགས་པ་གནང་ཡོད་པ་དེ་དག་ནི་བརྡ་དག་གི་འགྱུར་སྐྱོན་ཡིན་ནོ།།   དེ་བཞིན་བསྟན་པ་སྔ་དར་སྐབས་མངོན་བརྗོད་རྣམས་རང་མིང་གིས་ཐད་ཀར་བསྒྱུར་ཡོད་པ་ལ་འགྱུར་སྐྱོན་དུ་མ་གསུངས་པར་སྒྱུར་ཚུལ་འདི་བཞིན་འདུག་ཅེས་གསུངས་པ་ལས་དོན་གྱི་དགོངས་ཚུལ་རྣལ་མ་ནི་དུས་དེར་མངོན་བརྗོད་ཀྱི་རིག་པ་མ་དར་བས་དུས་སྐབས་དེའི་བསྒྱུར་ཚུལ་དེ་ལྟར་ཡིན་པ་ལ་སྐྱོན་མི་འཇུག་པའི་རང་ལུགས་གསལ་བར་གསུངས་པ་ལགས་སོ།།ལོ་པཎ་འདིས་འཆོས་སྒྱུར་གྱི་ཐབས་དང་འགྱུར་ཕྱག་སྐོར་གྱི་དཔྱད་པ་བཀའ་བསྟན་འགྱུར་ནང་མཚོན་ཐབས་གསར་པ་དང་ལེན་བྱས་ཚུལ།   དུས་རིམ་སོ་སོའི་འགྱུར་མའི་ཁྱད་ཆོས།   སོར་བཞག་གི་འཕེལ་རིམ།   སྐད་ཡིག་ཐམས་ཅད་དོན་མཚོན་པ་ལ་ནུས་པ་འདྲ་མཉམ་ཡིན་པ་སོགས་ནི་བོད་ཀྱི་ལོ་པཎ་སྔ་མ་སུས་ཀྱང་ཞིབ་ནན་དུ་མ་གསུངས་པའི་ལེགས་བཤད་ཤ་སྟག་ཡིན་ལ།   དགོངས་ཚུལ་གསར་པ་འདི་དག་བསྟན་པ་ལས་བོད་ཀྱི་སྒྲ་སྒྱུར་རིག་པའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གྱུར་ཡོད་པ་དང་སྒྲ་སྒྱུར་རིགས་ལམ་དེ་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་བཏང་བ་གསལ་པོར་མཐོང་ཐུབ་བོ།།  གཞན་ཡང་འགྱུར་སྐྱོན་ལས་འགྱུར་ཆད་ལྷག་དང་མ་ཡིག་གི་དོན་འཆོལ་བའི་འགྱུར་སྐྱོན་ནི་སྒྲ་སྦྱོར་བ་གཉིས་དང་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་འགྱུར་སྐྱོན་གྱི་རྣམ་བཤད་དུ་གསུངས་པ་དང་མཐུན་པ་ཡིན་ཞིང་།   གཞན་ཡང་སྒྱུར་ཐབས་ལོ་པཎ་གཞན་གྱིས་གསུངས་པ་རྣམས་ནི་བཏགས་ཟིན་འཐག་པའི་ངལ་བར་དགོངས་ནས་གསུངས་མེད་དོ།།   སྐད་མང་སྨྲ་བའི་ལོ་པཎ་འདིས་བོད་ཀྱི་རིག་གཞུང་དབྱིན་ཡིག་ཏུ་བསྒྱུར་བ་དང་ལེགས་སྦྱར་གྱི་གཞུང་བོད་ཡིག་ཏུ་ཕབ་པ་སོགས་ལོ་ཙཱའི་ལག་ལེན་ཕུན་སུམ་ཚོགས་པོ་བརྒྱུད་ཡོད་པས་སྒྲ་སྒྱུར་གཞུང་ལུགས་སྨྲ་བ་ལ་སྤོབས་པའི་གདེང་དང་ལྡན་པ་ཞིག་ལགས་ཀྱང་།   ལོ་ཙཱའི་གཞུང་ལུགས་ཐད་ཀྱི་སྒེར་རྩོམ་ནི་མ་མཛད་ལ།   ལོ་ཙཱ་དང་འབྲེལ་བའི་རྣམ་བཤད་རྣམས་ལེགས་སྦྱར་བང་མཛོད་དང་གཏམ་རྒྱུད་གསེར་གྱི་ཐང་མ་གཉིས་སུ་འཁོད་ཡོད་པ་བཞིན་འདིར་ཁོལ་དུ་ཕྱུང་ནས་བྲིས་པ་འདི་ལས་ལོ་པཎ་འདིས་བོད་ཀྱི་སྒྲ་སྒྱུར་གཞུང་ལུགས་འཐུས་ཚང་དང་འཕེལ་རྒྱས་གང་འདྲ་བཏང་ཡོད་མེད་ལེགས་པར་རྟོགས་ནུས་སོ།། 

  • ལེ་ཚན་སྔོན་མ།:འགྱུར་གྱི་རིག་པ་ལས་བསྒྱུར་བའི་ཚུལ་བཞི།
  • ལེ་ཚན་རྗེས་མ།:རྒྱ་བོད་ཡིག་སྒྱུར་གྱི་དོན་མང་ཐ་སྙད་འགར་ཅུང་ཙམ་དཔྱད་པ།
  • དོ་སྣང་ཆེ་བའི་རྩོམ།