ལོ་ཙྰའི་ཐད་ཀྱི་གནད་དོན་འགའ་རགས་ཙམ་གླེང་བ།
བོད་སྐད་ཡིག་ལས་དོན་དུས་དེབ། 2010-04-27
དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས་མི་དམངས་ཀྱི་འཚོ་བ་དར་རྒྱས་སུ་འགྲོ་བ་དང་།མི་རིགས་ཀྱི་སྐད་དང་ཡི་གེ་ཡང་གོང་འཕེལ་དུ་འགྲོ་བཞིན་ཡོད་མོད་ཀྱི།འོན་ཏེ།བོད་སྐད་ཡིག་གི་ལོ་ཙྰའི་བྱ་བ་འདི་རྙོག་འཛིང་ཆེ་བའི་ཚུལ་དུ་གྱུར་འདུག གནས་ཚུལ་འདི་ལ་བལྟས་ན་སུས་ཀྱང་མ་རིག་པའམ་མ་གོ་བ་ཞིག་མིན་པར།དེ་ནི་མིག་མཐོང་ལག་ཟིན་གྱི་བྱ་བ་ཞིག་ཡིན་པ་སྨྲས་མ་དགོས་པ་ཞིག་ཡིན།ལྷག་པར་དུ་རྒྱའི་རིག་གནས་ནང་འདྲེན་བྱས་པའི་ལོ་ཙྰ་བ་དག་གིས་རང་འདོད་ཀྱིས་ཐ་སྙད་གསར་བཟོ་བྱས་པའི་རྣམ་པ་འདིས་ཡིག་སྒྱུར་བྱ་བའི་བརྒྱུད་རིམ་ཁྲོད་དུ་ནོར་འཁྲུལ་མང་པོ་ཞིག་བཟོས་དང་བཟོ་བཞིན་ཡོད་པ་མ་ཟད།དེ་ལས་ངན་ཤུགས་ཀྱང་ཐེབས་བཞིན་ཡོད།ནད་བརྒྱ་སྨན་གཅིག་གི་དཔེ་ལྟར།དེང་ཕྱིན་ཆད་ལོ་ཙྰ་བ་དག་གིས་བོད་རང་ལ་ཡོད་པའི་ཕུན་སུམ་ཚོགས་པའི་ཐ་སྙད་ཀྱི་ནོར་བུ་འདི་དག་སྣང་མེད་དུ་འཇོག་མི་རུང་།ཞོལ་ནས་བདག་གིས་ལོ་ཙྰ་དང་ཐ་སྙད་བཀོལ་སྤྱོད་བྱེད་སྐབས་སུ་གནད་དོན་འགའ་ལ་འཕྲད་པའི་བསམ་གཞིག་ཙམ་གླེང་བར་བྱ།
གཅིག བོད་རང་ལ་ཡོད་པའི་ཐ་སྙད་བཀོལ་སྤྱོད་བྱེད་པ་གལ་འགངས་ཆེ། དེ་སྔ་ལོ་ཙྰ་བ་ཁ་ཤས་ཀྱིས་ཡིག་སྒྱུར་ཁྲོད་དུ་གང་འདོད་ཀྱིས་ཐ་སྙད་གསར་བཟོ་བྱས་ནས་སྤྱད་དང་སྤྱོད་བཞིན་ཡོད་ནའང་།དེ་ནི་དོན་དངོས་སུ་ལོ་ཙྰ་བ་རང་ཉིད་ལ་བློ་གྲོས་ཀྱི་རིག་ལམ་དང་ཡོན་ཚད་ཞན་པས་རེད།རང་གི་ནོར་བུ་རང་གིས་བཀོལ་སྤྱོད་བྱེད་པ་གཙིགས་སུ་བཟུང་ནས་བོད་རང་གི་ཁྱད་ཆོས་ལྡན་པའི་སྐད་ཆའི་ཁོར་ཡུག་དང་མཐུན་པའི་མ་རྩོམ་གྱི་གོ་བ་ལེན་དགོས།མཁས་དབང་ཨ་ལགས་དོར་ཞི་ཚང་གིས“བསྒྱུར་བྱ་སྒྱུར་བྱེད་སྐད་ཡིག་གཉིས་ཀར་ལག་མི་འཐོགས།སྤྱི་དང་བྱེ་བྲག་ཤེས་བྱའི་གཞུང་ལུགས་ཁོང་དུ་ཆུད།བསྒྱུར་བྱའི་ཡི་གེ་ནང་དོན་སྔོན་ལ་ངེས་ཞིབ་བྱ།དོན་ལ་མ་ནོར་ཚིག་ལ་ཇི་བཞིན་ཐོན་མི་དགོས།སྒྱུར་བྱེད་སྐད་ཀྱི་གོམས་སྲོལ་ལྟར་སྦྱོར་བརྡ་འཕྲོད་གནད”ཅེས་གསུངས་པ་ལས།ལོ་ཙྰ་བ་ཞིག་གི་ཆ་ནས་བཤད་ན།གཙོ་བོ་མ་ཡིག་གི་དོན་གྱི་གོ་བ་གསལ་པོ་ལོན་པ་དང་བྱང་ཆ་ཐོབ་པ་ན།ད་གཟོད་སྒྱུར་རྩོམ་ལེགས་པོ་ཞིག་འབྱུང་ཐུབ་ངེས་ཡིན།གཞན་ཡང་།མ་རྩོམ་རང་འདོད་ལྟར་བསྒྱུར་ཚེ་མ་ཡིག་གི་གོ་བ་ལོག་པར་འགྱུར་འགྲོ་བ་དཔེར་ན།“橘子”ཞེས་པའི་མིང་ཚིག་འདི་ལོ་ཙྰ་བ་ལ་ལས་ཅུས་ཙི་ཞེས་སྒྲ་བསྒྱུར་བྱེད་པ་ལས་ཚ་ལུ་མ་ཞེས་བོད་རང་གི་སྐད་ཀྱིས་འབོད་པ་ཤིན་ཏུ་ཉུང་།ད་རུང་“花生”ཞེས་པའི་མིང་ཚིག་འདི་ལ་མང་ཆེ་བ་ཧྭ་ཧྲིན་ཟེར་བ་དང་།མང་ཚོགས་ཁྲོད་ན་དེ་ལ་བ་དམ་ཞེས་འབོད་པར་བལྟས་ན་བོད་རང་གི་བྲོ་བ་ངོ་མ་ལྡན་པ་ཡིན་ཡང་།དེ་ལྟར་མིང་གི་ཁྱད་ཆོས་གཞིར་བཟུང་ནས་འབོད་པ་ཉུང་བ་གདོན་མི་ཟ།དེས་ཕྱིར་རྙོག་འཛིང་ཆེ་བའི་ཐ་སྙད་འདི་དང་འདིའི་རིགས་ཀྱི་གྲོ་མ་འབྲས་བཙོས་ལྟ་བུའི་སྐད་ཆ་བཤད་པའི་སྣང་ཚུལ་མང་དུ་མཆིས་བས།རང་ཉིད་ནང་འདུས་པའི་བོད་པ་དང་ལོ་ཙྰ་བ་དག་གིས་དེང་ཕྱིན་བོད་རང་ལ་ཡོད་པའི་ཐ་སྙད་ཀྱི་རིན་ཆེན་ནོར་བུ་དེ་འཕྲོ་བརླག་ཏུ་མི་གཏོང་བར་བཀོལ་སྤྱོད་བྱ་རྒྱུ་ནི་གལ་ཤིན་ཏུ་ཆེ་ཞིང་།གལ་སྲིད་དེ་ལ་ང་ཚོས་མཐོང་ཆེན་མ་བྱས་ཚེ་རིམ་གྱིས་བོད་རང་ལ་ཡོད་པའི་ཐ་སྙད་དེ་དག་གི་བྲོ་བ་ངོ་མ་ཡལ་ཏེ་རྗེས་རབས་པ་ཚང་མར་བག་ཆགས་ངན་པ་ཐེབས་སྲིད་པས་མིང་ཚིག་དེ་དག་བོད་རང་གི་ཐ་སྙད་རེད་འདོད་མཁན་ཧ་ཅང་དཀོན་པའི་རྒྱུ་རུ་འགྱུར་ཁོ་ཐག་རེད།དེའི་རྐྱེན་གྱིས་ཁ་བཤད་ཆུ་ཡི་ལྦུ་བ་དང་ལག་ལེན་གསེར་གྱི་ཐིགས་པའི་དཔེ་ནང་བཞིན་རང་ལ་ཡོད་པའི་ཐ་སྙད་བཀོལ་ཅི་ཐུབ་བྱ་དགོས། གཉིས་པ།ལོ་ཙྰ་བ་དག་གིས་སྙད་གཅིག་གྱུར་ཐད་ལ་ཧུར་ཐག་བྱས་ཏེ།བོད་སྐད་ནང་དུ་ཡ་མ་ཟུང་གི་ཐ་སྙད་བཀོལ་སྤྱོད་བྱེད་པ་སྤང་དགོས། སྤྱིར་མདོ་དབུས་མཐོ་སྒང་གང་ས་གང་དུ་ལོ་ཙྰ་བ་ཚོས་བྱ་བ་འདི་གཉེར་དང་གཉེར་བཞིན་ཡོད་དེ།ཚགས་པར་དང་བརྙན་འཕྲིན།རྒྱང་བསྒྲགས།རྩོམ་བསྒྱུར་སོགས་ལས་ཁུངས་ཆེ་འབྲིང་ཆུང་གསུམ་བཙུགས་ཡོད་པ་ནི་དགའ་འོས་པ་ཞིག་ཡིན་མོད་ཀྱི།འོན་ཏེ་རྒྱའི་རིག་གནས་ཀྱི་མིང་ཚིག་དེ་དག་བོད་རང་གི་ཐ་སྙད་དུ་གྱུར་དང་འགྱུར་བཞིན་མཆིས།ལྷག་པར་དུ་གཞུང་ཡིག་དང་ཚན་རྩལ་ཐད་ཀྱི་ཐ་སྙད་གསར་བ་ཉུང་བས་གཞན་མི་རིགས་ཀྱི་མིང་ཚིག་སྒྱུར་སྟངས་ལ་བསམ་བློ་མི་གཏོང་ཐབས་མེད་བྱུང་།གཙོ་བོ་ལོ་ཙྰ་བས་མ་རྩོམ་གྱི་གོ་བ་ལེན་སྟངས་མི་འདྲ་བའི་རྐྱེན་གྱིས་དེའི་ཐ་སྙད་ཀྱང་གཅིག་གྱུར་དུ་འབྱུང་མི་སྲིད་པ་དང་།ལ་ལས་རྒྱའི་རིག་གནས་དང་བོད་ཀྱི་བྱ་ཚིག་དང་གཙོ་ཚིག་ཐ་ན་རྗོད་བྱེད་ཚིག་གི་བཀོལ་སྟངས་སོགས་ལ་མི་བལྟ་བར་རང་འདོད་ལྟར་བསྒྱུར་ཅིང་།ལ་ལས་ཀྱང་རྡོ་ཆག་བཙན་སྒྲིག་གི་ཐབས་བཀོལ་ནས་རང་གི་འགན་འགྲུབ་ཅི་ཐབས་བྱས་པའི་གནས་ཚུལ་འདུག དེའི་ཐད་དུ་གནས་ཚུལ་མང་པོ་ཡོད་པ་དཔེར་ན།ཚིག་ངོས་སྟེང་ནས“天气潮湿”ཞེས་པ་གནམ་རློན་པ་རུ་བསྒྱུར་བ་དང་གཞུང་ཡིག་དང་ཚན་རྩལ་ཐད་ནས།“电脑”ལ་གློག་ཀླད་དང་གློག་རྩིས་ཡང་ན་རྩིས་འཁོར།“鼠标”ལ་ཙིག་རྟགས་ལྟ་བུ་སོགས་ཀྱི་ཐ་སྙད་དཔེ་མཚོན་འདི་ལྟ་བུའི་བསྒྱུར་སྟངས་མི་འདྲ་བ་བྱུང་དང་འབྱུང་བཞིན་ཡོད།ད་རུང་བོད་སྐད་ཀྱི་ནང་དུ་རྒྱ་སྐད་བསྲེས་པའི་ཤུགས་རྐྱེན་ངན་པ་ཐེབས་པས་ཐ་སྙད་གཅིག་གྱུར་ཡོང་བར་དེ་ལས་རྙོག་འཛིང་ཆེ་རུ་བཟོས།ལྷག་པར་དུ་ཕ་མས་བྱིས་པར་ཁ་བརྡ་བྱེད་ཚེ་མཉམ་འཇོག་བྱ་དགོས་པ་གལ་ཆེན་ནང་གི་དོན་ཆེན་དུ་གྱུར་འདུག ཅི་ཕྱིར་ཞེ་ན་བྱིས་པ་ཆུང་བའི་རྐྱེན་གྱིས་རིག་པ་གསར་བ་སྦྱོང་འགོ་ཚུགས་པ་དང་འདུ་ཤེས་གསར་བ་ཆགས་པའི་དུས་སུ་སླེབས་པས།དཔེར་ན།དངོས་པོར་རྒྱའི་མིང་ཚིག་བཀོལ་བའི་གློག་གདན་ལ“电褥子”།བརྙན་འཕྲིན་ལ“电视”།ཁ་པར་ལ“电话”ལྟ་བུ་སོགས་ཀྱི་ཐ་སྙད་འདིའི་རིགས་འཚོ་བའི་ནང་དུ་རྒྱུན་པར་བཀོལ་བཞིན་ཡོད།དེ་ལྟར་ཡུན་རིང་བོར་སོང་ན་མཐར་བྱིས་པའི་སེམས་སུ་དེ་ནི་རང་སྐད་རྣལ་མ་ཞིག་རེད་བསམ་པའི་བག་ཆགས་ཤིག་འཇོག་སྲིད།དེ་ལས་རིམ་གྱིས་ཐ་སྙད་གཅིག་རེ་གཉིས་རེ་བྱས་ནས་ཉམས་སུ་འགྲོ་བར་ཉེ།འདིའི་རིགས་ཀྱི་མིང་ཚིག་དང་ཐ་སྙད་མང་ཚོགས་ཁྲོད་དུ་རྒྱུན་འབྱམས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད་པས།ང་ཚོས་དེ་ལ་མཐོང་ཆེན་བྱས་ཏེ།ཐོག་མར་བོད་སྐད་གཙང་མ་ཞིག་བཤད་དེ།ཐ་སྙད་གསར་བ་གཅིག་གྱུར་ཡོང་བར་འབད་བརྩོན་བྱས་ན།ད་གཟོད་བོད་སྐད་གཙང་མའི་ཁོར་ཡུག་ཅིག་བསྐྲུན་ཐུབ་པར་ངེས།གལ་ཏེ་དེ་ལ་དོ་སྣང་མ་བྱས་ཚེ་བོད་སྐད་དང་རྒྱ་སྐད་གཅིག་ཀྱང་མིན་པའི་རིགས་སུ་འགྲོ་བར་ཉེན་ཁ་ཆེ་བ་ཚང་མས་ཤེས་གསལ་ལྟར་ལགས། ཡིག་སྒྱུར་བྱ་བའི་དམིགས་ཡུལ་ནི་མ་རྩོམ་གྱི་དོན་ལ་གོ་བ་བླངས་ནས་རང་སྐད་ཀྱི་ཐོག་ནས་དོན་དེ་ཀློག་པ་པོ་ལ་གོ་བར་འཇུག་པ་དེ་ཡིན།དེས་ན་མིང་ཚིག་གཅིག་གྱུར་ཡོང་དགོས་ན་ཐོག་མར་གང་ལ་མཉམ་འཇོག་བྱ་དགོས་ཞེ་ན།ཡིག་སྒྱུར་མཁན་གྱིས་སྔོན་བྱོན་མཁས་པ་དང་དེང་རབས་ཀྱི་ལོ་ཙྰ་བ་རྒན་པའི་ཉམས་མྱོང་བསྡུ་ལེན་བྱེད་དགོས་པའི་ཐོག བོད་ཀྱི་དྲ་ཚུགས་དང་།བརྙན་འཕྲིན།ཚགས་པར་སོགས་ཀྱི་སྟེང་ནས་བསྒྱུར་ཚུལ་མི་འདྲ་བར་བརྟག་དཔྱད་ཞིབ་འཇུག་བྱས་ཏེ།རང་གི་ཡིག་སྒྱུར་གྱི་བྱང་ཚད་མཐོར་འདེགས་གཏོང་དགོས་པའི་དུས་མཚུང་སུ།རང་གི་མིག་མདུན་ཙམ་ལ་མི་བལྟ་བར་མདོ་དབུས་ཁམས་གསུམ་གྱི་རང་དང་འབྲེལ་བའི་བྱ་ལས་གཉེར་མཁན་གྱི་ལེགས་ཆ་བསྡུ་ལེན་བྱེད་པ་དང་བསམ་གཞིག་བཏང་ནས་ཡིག་སྒྱུར་བྱས་ན།ད་གཟོད་ཀློག་པ་པོ་སུས་ཀྱང་ཀློག་ཐུབ་པ་དང་གོ་སླ་བ་ཞིག་ཏུ་འགྱུར་བར་ངེས།གལ་སྲིད་གཅིག་མཐུན་སྒོས་དེ་ལ་བརྩོན་འགྲུས་མ་བྱས་ཚེ་དེ་ལས་ལྡོག་སྟེ་ཡུལ་ཁམས་སོ་སོའི་སྐད་ཆའི་བར་ཁྱད་ཅུང་ཆེ་རུ་འགྲོ་སྲིད་པ་མ་ཟད།ད་རུང་བོད་ལ་སྤྱི་སྐད་ཟེར་བ་ཞིག་དང་ཐ་ན་ཐ་སྙད་གསར་བ་དག་ཀྱང་གཅིག་གྱུར་ཡོང་རྒྱུའི་རེ་བ་དགུན་གྱི་ཁུ་བྱུག་གི་དཔེ་ལྟར་འགྱུར་པར་སྙམ། གསུམ།ཐད་སྒྱུར་བྱེད་ཐབས་སྤྱད་ན་མ་ཡིག་གི་ཁྱད་ཆོས་ངོ་མ་འདོན་ཐུབ་པར་ཕན་ནུས་ཡོད། མིག་སྔར།ལོ་ཙྰའི་ལས་རིགས་ཁག་གི་བསྒྱུར་བྱ་གལ་ཆེན་གྱི་སྒྱུར་ཐབས་ནང་གི་ཐད་སྒྱུར་བྱེད་ཐབས་ལ་བསམ་འཆར་འདྲ་མིན་ཡོད་པ་དང་།ཐ་ན་ཀློག་མཁན་ཚོ་ལའང་དེ་དང་འདྲ་བའི་གཅིག་མཐུན་གྱི་ལྟ་ཚུལ་ཡོད།ཐད་སྒྱུར་བྱས་ན་ཚིག་གི་དོན་གསལ་བོར་སྟོན་མི་ཐུབ་པ་དང་།རྡོ་ཆག་བཙན་སྒྲིག་བྱས་པས།བོད་ཀྱི་སྐད་ཡིག་གི་བྲོ་བ་འགྱུར་འགྲོ་ཞིང་ཚིག་སྦྱོར་མི་བདེ་བ་སོགས་ཀྱི་སྐྱོན་མང་པོ་ཡོད་ཅེས་བརྗོད་བཞིན་པ་ཅུང་ཁྱབ་ཆེ།ཡིན་ན་ཡང་མཐར་གཏུགས་ནས་བཤད་ན་ཐད་སྒྱུར་བྱེད་ཐབས་འདི་ནི་ཆེས་སྟབས་བདེ་བའི་ལོ་ཙྰའི་བྱེད་ཐབས་ཤིག་ཡིན་ལ།དུས་རྒྱུན་ཐ་སྙད་དང་ཐ་སྙད་གསར་བར་བཀོལ་སྤྱོད་བྱེད་པའི་སྒྱུར་ཐབས་ཤིག་ཀྱང་ཡིན།ཚད་གཞི་འདིའི་སྟེང་ནས་མ་ཡིག་གི་བསམ་བློ་དང་དགོངས་པ།དེའི་ཁྱད་ཆོས་གཙོ་བོར་འཛིན་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན།ལོ་ཙྰའི་ཐད་ནས་སྒྱུར་རྩོམ་གྱི་མ་ཡིག་གི་ཁྱད་ཆོས་སྣ་ཚོགས་མངོན་པ་དང་།ལོ་ཙྰའི་བྱ་ཐབས་སྟེང་ནས་ཐད་སྒྱུར་བྱེད་ཐབས་བཀོལ་སྤྱོད་བྱེད་པར།བཙན་སྒྱུར་དང་བཙན་སྒྲིག་གི་ཐབས་མི་བཀོལ་བ་དང་།ཁ་ལ་བདེ་ཞིང་ཚིག་སྦྱོར་ལེགས་པའི་ཆ་ལ་བརྟེན་ནས་སྐད་ཆའི་ཁོར་ཡུག་ལ་འཇུག་འོས་པའི་ཁྲོད་དུ་ཐད་སྒྱུར་བྱས་ན་ཕན་ནུས་ལེགས་པོ་འབྱུང་ཐུབ་ངེས་ཡིན།དཔེར་ན།(地下地铁)ས་འོག་ལྕགས་ལམ།(高等数学)མཐོ་རིམ་རྩིས་རིག་(感觉神经)དབང་རྩའི་ཚོར་སྣང་།(冬虫夏草)དབྱར་རྩྭ་དགུན་འབུ།(阳光)འོད་ཟེར།(民歌)དམངས་གླུ(汽车)རླངས་འཁོར་སོགས་མིང་ཚིག་དང་ཐ་སྙད་གསར་བ་འདི་དག་ལ་ཐད་སྒྱུར་བྱེད་ཐབས་བཀོལ་ན་འོས་ཤིང་འཚམ་ལ།ཐད་སྒྱུར་བྱེད་ཐབས་བཀོལ་སྤྱོད་བྱས་ན་དེང་རབས་ཀྱི་ཐ་སྙད་དང་མིང་ཚིག་གསར་བ་སྤྱོད་པའི་བསྡུར་ཚད་ཆེ་བ་དང་།ཆེས་ལེགས་པོའི་རང་སྐད་བརྡའི་ཆོས་ཉིད་ལྟར་དགོས་ངེས་ཀྱི་མིང་བརྡ་གསར་བ་གསར་གཏོད་བྱས་ཏེ།སྒྱུར་རྩོམ་ལ་མཁོ་བའི་ཐ་སྙད་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ།དེའི་སྟབས་ཀྱིས་དེང་རབས་ཀྱི་ཐ་སྙད་གསར་བ་ཁྱབ་གསལ་གཏོང་བར་ནུས་པ་ཆེན་པོ་ཐོབ་ཡོད་དེ།དཔེར་ན།གཉེན་ཆས(软件)དང་མཁྲེགས་ཆས(硬件)ལྟ་བུའི་སྒྱུར་མིང་དེ་ཡིན་ལ།དེ་ནི་ཚན་རིག་དང་རིག་གནས་གོང་འཕེལ་འགྲོ་བ་ལས་བྱུང་བའི་གསར་གཏོད་རང་བཞིན་ལྡན་པའི་དེང་རབས་ཀྱི་ཐ་སྙད་གསར་བ་ཞིག་ཡིན།ད་དུང་ཐད་སྒྱུར་བྱེད་ཐབས་འདི་བཀོལ་སྤྱོད་བྱས་ན་མི་རིགས་གཞན་པའི་སྐད་དང་ཡི་གེའི་ཁྱད་ཆོས་སློབ་སྦྱོང་བྱེད་པར་ཕན་པ་ཡོད།ཐད་སྒྱུར་ལ་བརྟེན་ནས་མི་རིགས་གཞན་པའི་སྐད་ཡིག་དང་།གོམས་སྲོལ།ཡི་གེའི་ཆོས་ཉིད་བཅས་ལ་རྒྱུས་ལོན་གང་ལེགས་བྱེད་ཐུབ་ཅིང་།མི་རིགས་མི་གཅིག་པས་དེའི་སྐད་དང་ཡི་གེ་གྲུབ་ཆ་དང་བཀོལ་སྤྱོད་བྱེད་ཐབས་མི་འདྲ་བ་དང་།ཁྱད་ཆོས་མི་འདྲ་བ།འདོད་ཕྱོགས་མི་འདྲ་བ།དེའི་རྐྱེན་གྱིས་དེ་དང་འདྲ་བའི་སྤྱོད་སྒོ་མཚུངས་པའི་སྟེང་ནས་བལྟས་ན།ལ་ལའི་སྐད་ཆའི་སྒྱུ་རྩལ་ལ་གསོན་ཉམས་ལྡན་པ་དང་།ཁ་ཤས་ཀྱི་ཚིག་གི་སྡེབ་སྦྱོར་ལ་དགོད་བྲོ་བ།ཁ་ཤས་ཧ་ཅང་གཏིང་ཟབ་པ་དང་ཁ་ཤས་སྙན་མོ་ངག་གིས་ཕྱུག་པ་བཅས་རེད།ལྷག་པར་དུ་ཕྱིའི་རྒྱལ་ཁབ་ཁ་ཤས་ཀྱི་སྐད་དང་ཡི་གེའི་ཁྲོད་དུ་འདིའི་ཁྱད་ཆོས་འབུར་དུ་ཐོན་ཞིང་།རྩོམ་རིག་གི་ཡིག་སྒྱུར་ཁྲོད་ཐད་སྒྱུར་བྱེད་ཐབས་བཀོལ་ན་མ་ཡིག་གི་བརྗོད་སྙིང་དང་རྩོམ་རིག་གི་ཁྱད་ཆོས་ལ་ཤིན་ཏུ་མཉམ་འཇོག་དགོས་ཏེ།རང་སྐྱོན་དོར་ནས་གཞན་གྱི་ལེགས་ཆ་སློབ་སྦྱོང་དང་།མི་རིགས་གཞན་པའི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེའི་དགེ་མཚན་དང་ནུས་པ།དེ་མིན་ཁྱད་ཆོས་བཅས་ལ་སློབ་སྦྱོང་བྱས་ན།རང་མི་རིགས་ཀྱི་སྐད་དང་ཡི་གེ་འདི་སྔར་ལས་འཐུས་ཚང་དང་ཕུན་སུམ་ཚོགས་སུ་འགྲོ་བར་སྨོས་ཅི་དགོས། མདོར་ན།ང་ཚོས་ཕྱོགས་གང་གི་ཐད་ནས་གླེང་ནའང་།ལོ་ཙྰ་བྱེད་པའི་ཁྲོད་དུ་བྱ་ཐབས་འདྲ་མིན་སྣ་ཚོགས་སྤྱོད་དགོས་པ་གཞིར་བཞག་སྟེ།ཐད་སྒྱུར་བྱེད་ཐབས་སུ་འདུས་པའི་ལོ་ཙྰའི་བྱ་རིམ་སྣ་ཚོགས་ལ་ཁྱོན་ཡོངས་ནས་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱས་ཏེ།ལོ་ཙྰའི་བྱ་གཞག་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བ་དང་།ཐ་སྙད་གསར་བ་གསར་བཟོ་དང་ལོ་ཙྰ་བྱེད་པར་མཉམ་འཇོག་བྱས་ཏེ།ལོ་ཙྰ་བ་དག་གིས་ལོ་ཙྰའི་བྱ་གཞག་ཐད་ལ་འབད་འབུངས་ལྷོད་མེད་དང་ཡར་ཐོན་བརྩོན་ལེན་བྱེད་ཐུབ་ན།ད་གཟོདམི་ལ་བརྩོན་འགྲུས་ལྡན་གྱུར་ན།མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པའི་དཔེ་ལྟར་རོ།།
རྩོམ་པ་པོ།ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་ལས་དོན་ཨུ་ལྷན་ཁང་དུ་ཕྱག་ལས་གནང་མུས་ཡོད།