འགྱུར་གྱི་རིག་པ་ལས་བསྒྱུར་བའི་ཚུལ་བཞི།
དཔལ་ལྡན་ལེགས་བཤད། 2011-06-03
རྐང་གཉིས་ཀུན་གྱི་རྟེན་གཞི་འཛམ་གླིང་འདིར། །
ཐ་དད་སྐད་ཀྱིས་བརྗོད་པའི་རིག་གནས་དག།
ཕན་ཚུན་བདེ་བར་གོ་བའི་བརྡ་སྤྲོད་མཁན། །
འཇིག་རྟེན་མིག་ཅེས་བསིལ་བའི་ལྗོངས་སུ་གྲགས། །
དེ་ཡི་བགྱི་བ་བདེ་བླག་འགྲུབ་པའི་ཐབས། །
སོ་སོར་ཆེ་ཕྲ་དུ་མ་མཆིས་ན་ཡང་། །
བརྩེ་བས་གངས་ལྗོངས་བསྐྱངས་བའི་མཁས་དབང་གི། །
ཕྱག་བཞེས་བསྒྱུར་བའི་ཚུལ་བཞི་འདི་རུ་སྤྲོ། །
ཅེས་པས་གླེང་བསླངས་ནས་བྷོ་ཊའི་ཡུལ་དུ་སྔར་ནས་གྲགས་པའི་འགྱུར་གྱི་རིག་པ་ཕུན་སུམ་ཚོགས་པ་ཞིག་བཞུགས་པ་ལས་འདིར་སྔོན་གྱི་རིག་པ་ཕུན་སུམ་ཚོགས་པ་ཞིག་བཞུགས་པ་ལས་འདིར་སྔོན་གྱི་ལོ་པཎ་དག་གིས་ཉམས་སུ་བསྟར་བའི་བསྒྱུར་བའི་ཚུལ་བཞི་ཞེས་པ་དེ་ཅུང་ཟད་བརྗོད་པ་ལ། འགྱུར་གྱི་རིག་པ་དང་དེའི་ལོ་རྒྱུས་ལ་གོ་བ་རགས་རིམ་ཞིག་ཆགས་པའི་ཆེད་དུ་ཉེ་བར་མཁོ་བའི་བརྡ་ཆད་འགའ་ཞིག་འགྲེལ་པ་དང་། བསྒྱུར་བའི་ཚུལ་བཞི་དངོས་སུ་བཤད་པ་གཉིས་ལས།
དང་པོ་འགྱུར་གྱི་རིག་པ་བྱུང་བའི་བརྡ་ཆད་འགའ་ཞིག་གི་འགྲེལ་པ།
༡ སྒྲ་བསྒྱུར། སྐད་ཡིག་ཕན་ཚུན་དུ་བསྒྱུར་བའི་བྱ་བ་སྟེ། དཔེར་ན་ངས་སྒྲ་བསྒྱུར་རིག་པ་སྦྱོང་ཞེས་པ་ལྟ་བུའོ། །
༢ སྒྲ་སྒྱུར། ཀ སྐད་ཡིག་སྒྱུར་པ་པོ་ལ་གོ་སྟེ། སྒྲ་སྒྱུར་མར་པ་ལྟ་བུ་དང་། ཁ། དོན་སྒྱུར་གྱི་ཟླས་དྲངས་པའི་སྒྱུར་ཐབས་ཤིག
༣ ལོ་ཙཱ། སྐད་ཡིག་སྒྱུར་བ་ལ་གོ་སྟེ་ལེགས་སྦྱར་སྐད་སོར་བཞག་བྱས་པ་ཡིན་ཏེ། བོད་སྐད་དུ་འཇིག་རྟེན་མིག་ཅེས་པའོ། །
༤ ལོ་ཙཱ་བ། ལོ་ཙཱ་བ་ཞེས་པའི་མཐར་བདག་སྒྲ་བ་སྦྱར་ནས་གྲུབ་པ། ལོ་ཙཱ་བ་སྐ་ཅོག་ཞང་གསུམ་ལྟ་བུ་སྟེ། སྐད་ཡིག་སྒྱུར་བ་པོའོ། །སྐབས་འགར་བསྡུས་ཏེ་ལོ་ཙཱ་ཞེས་ཀྱང་བརྗོད་པ་དཔེར་ན། ལོ་ཙཱར་བཏགས་ཀྱང་དོན་ལ་པཎྜིཏ་ཞེས་པ་ལྟ་བུའོ། །
༥ སྒྱུར་བྱེད། སྐད་ཡིག་གང་རུང་ཞིག་སྐད་ཡིག་གཞན་ཞིག་ཏུ་སྒྱུར་བར་བྱེད་པ་པོ་སྟེ། ལོ་ཙཱ་བའོ། །
༦ བསྒྱུར་བྱ། གང་ཞིག་བསྒྱུར་བར་བྱ་བའི་སྐད་ཡིག་ཏུ་གནས་པ་དེ་ལ་བྱའོ། །
༧ འགྱུར། ཡིག་རིགས་ཤིག་གིས་བརྗོད་པའི་བསམ་བློའི་ནང་དོན་དེ་ཡིག་རིགས་གཞན་ཞིག་ཏུ་བསྒྱུར་པའི་ཡིག་ཚོགས་ལ་གོ་སྟེ། དཔེར་ན་བཀའ་འགྱུར་དང་བསྟན་འགྱུར་ཞེས་བརྗོད་པ་ལྟབུའོ། །
༨ འགྱུར་ཕྱག དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་ཡིད་ཆེས་བརྟན་པོ་ཐོབ་པའི་ལོ་ཙཱ་བས་རང་གི་འགྱུར་མཐར་ཕྱིན་པའི་ཆེད་དུ་བཀོད་པའི་ཕྱག་འཚལ་བའི་ཚིག་གོ །
༩ འགྱུར་བཟང་ངན། ལོ་ཙཱ་བ་སོ་སོས་བསྒྱུར་བའི་འགྱུར་གྱི་བརྗོད་བྱ་མཚོན་བྱེད་ཀྱི་ཚིག་གི་སྡེབ་སྦྱོར་བཟང་ངན་དང་། མ་ཡིག་གི་དོན་ཇི་བཞིན་པ་འགྱུར་གྱི་ནང་དུ་མཚོན་ཐུབ་མིན་ལ་གོ།
༡༠ རང་འགྱུར། བསྟན་བཅོས་རྩོམ་པོ་རང་ཉིད་ཀྱིས་རང་གི་བསྟན་བཅོས་དེ་ཉིད་ཡིག་རིགས་གཞན་མ་ཞིག་ཏུ་བསྒྱུར་པའི་འགྱུར་ལ་གོ།
༡༡ སྔ་འགྱུར། ཀ དཔེར་ན་རྫོགས་ན་ཆེན་པོའི་ཆོས་སྐོར་ལྟ་བུར་བོད་དུ་ཐེངས་དང་པོ་བསྒྱུར་བའི་འགྱུར་ལ་གོ། ཁ བསྟན་པ་སྔ་དར་གྱི་དུས་སུ་བོད་དུ་བསྒྱུར་བའི་བཀའ་བསྟན་རྣམས་ལ་གོ།
༡༢ བར་འགྱུར། དཔེར་ན་རྫོགས་པ་ཆེན་པོའི་ཆོས་སྐོར་ལྟ་བུ་བོད་དུ་ཐེངས་བར་མར་བསྒྱུར་བའི་འགྱུར་ལ་གོ
༡༣ ཕྱི་འགྱུར། ཀ དཔེར་ན་རྫོགས་པ་ཆེན་པོའི་ཆོས་སྐོར་དང་སྨན་རྩིས་ཀྱི་བསྟན་བཅོས་འགའ་ཞིག་ལྟ་བུ་བོད་དུ་ཐེངས་ཐ་མར་བསྒྱུར་བའི་འགྱུར་ལ་གོ། ཁ བསྟན་པ་ཕྱི་དར་གྱི་དུས་སུ་བོད་དུ་བསྒྱུར་བའི་བཀའ་བསྟན་རྣམས་ལ་གོ།
༡༤ ཡང་འགྱུར། དཔེར་ན་རྫོགས་པ་ཆེན་པོའི་ཡང་འགྱུར་ཉི་ཤུ་ལྟ་བུའོ། །
༡༥ འགྱུར་བཅོས། ལོ་ཙཱ་བ་སྔ་མའི་འགྱུར་ལ་ལོ་ཙཱ་བ་ཕྱི་མས་ཚིག་ཕྲད་དང་སྡེབ་སྦྱོར་སོགས་གཙོ་བོར་བརྡ་དག་གི་ཐད་བཟོ་བཅོས་ཕྲན་བུ་བྱས་པ་ལ་གོ་སྟེ། ལོ་ཙཱ་བ་རང་གིས་རང་ཉིད་ཀྱི་འགྱུར་ལ་འགྱུར་བཅོས་མཛད་པའང་ཡོད་དེ། །
༡༦ བསྒྱུར་འཕྲོ། ཀ སྔོན་གྱི་ལོ་པཎ་དག་གིས་མི་རབས་སྔ་ཕྱིར་བྱོན་པའི་ལོ་པཎ་རྣམས་བཟང་ངན་འགྲན་པའི་ཕྱིར་འགྱུར་འགའ་ཞིག་གི་དབུ་བཙུགས་ཀྱང་མཐར་མ་བཏོན་པར་བསྒྱུར་བའི་འཕྲོ་བཞག་པ་ལ་གོ ཁ་འགྱུར་མཛད་པའི་ཚེ་རྐྱེན་གྱི་དབང་གིས་འགྱུར་མཐར་མ་ཕྱིན་པར་འཕྲོར་ལུས་པ་ལ་ཡང་གོ།
༡༨ འགྱུར་བྱང་། ཀ་འགྱུར་སོ་སོའི་མཇུག་ཏུ་གང་གིས་བསྒྱུར་པ་དང་གང་དུ་བསྒྱུར་བའི་གསལ་བྱེད་བཀོད་པའི་ཡི་གེ། ཁ གཙུག་ལག་ཁང་སོགས་སུ་འགྱུར་གང་དག་བཞུགས་པ་ཡི་གེར་བཀོད་པའི་དཀར་ཆག
༡༩ བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ལོ་པཎ་བཀའ་དྲིན་ཅན་གྱིས་ལེགས་སྦྱར་ལྟབུ་ལ་ནང་བྱན་ཆུད་པར་སྦྱངས་ཏེ་ཆོས་དང་རིག་གནས་ཀྱི་དཔེ་ཆ་གང་ཞིག་ཐོག་མར་བོད་སྐད་དུ་བསྒྱུར་པ་དང་། བར་དུ་ཡིག་རིགས་གཉིས་ཀྱི་ཡིག་ཆ་ལ་དཔེ་བསྡུར་ལེགས་པར་མཛད་དེ་ཞུ་དག་གནང་བ་དང་། ཐ་མར་སྣོད་ལྡན་གྱི་སློབ་མར་འགྱུར་གྱི་ཐོག་ནས་འཆད་ཉན་མཛད་དེ་གཏན་ལ་ཕབ་པའི་དོན་ཡིན་ནོ། །
༢༠ ལོ་ཙཱ་བ་ཆེ་གསུམ། བཻ་རོ་ཙཱ་ན་དང་ཀླུའི་དབང་པོ། མེས་བཀོལ་གསུམ།
༢༡ ལོ་ཙཱ་བ་ཆུང་བ་གསུམ། གཉགས་ཛྙཱ་ན་ཀུ་མཱ་ར་དང་ཞང་ལོ་སེ་བཙན། ཤུད་པུ་ཁོང་སླེབ་གསུམ། །
༢༢ ལོ་ཙཱ་བ་འབྲིང་གསུམ། སྐ་བ་དང་རྨ་རིན་ཆེན་མཆོག། སྦ་མི་ཁྲི་གཞེར་གསུམ།
༢༣ ལོ་ཙཱ་བ་རྒན་པ་གསུམ། ལྷ་ལུང་ཡུལ་སྐོར་དང་ཡེ་ཤེས་སྡེ། ཅོག་རོ་ཀླུའི་རྒྱལ་མཚན།
༢༤ ལོ་ཙཱ་བ་གཞོན་གསུམ། གཡུ་སྒྲ་སྙིང་པོ་དང་ལེགས་སྦྱིན་ཉི་མ། ནམ་མཁའི་སྙིང་པོ་གསུམ།
༢༥ ལོ་ཙཱ་བ་རང་དགུ། བ་གོར་བཻ་རོ་ཙ་ན་དང་། ལྡན་མ་རྩེ་མང་། ཁ་ཆེ་ཨ་ན་ནྷ། གཉགས་ཛྙཱ་ན་ཀུ་མཱ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་རྣམས་སོ། །
༢༦ མཆན་བུ། ཀ མཁན་པོ་དང་མཆན་བུ་ཞེས་པའི་མཆན་བུ་ནི་སློབ་མའི་མིང་ངོ་། །ཁ འགྱུར་མཛད་པའི་གྲྭར་ཞུགས་པའི་སློབ་ཕྲུག་རྣམས་སོ། །
༢༧ ཞུ་ཆེན། སྐ་བ་དཔལ་བརྩེགས་ལྟ་བུ་འགྱུར་མཛད་པའི་ཁྲོད་དུ་མཐའི་ཞུ་དག་བྱ་བའི་འགན་བཞེས་པའི་ལོ་ཙཱ་བ་གཙོ་བོ་དེ་དང་། ཡང་ན་བཀའ་བསྟན་ཤིང་པར་དུ་བརྐོས་པའི་ཚེ་ཡི་གེའི་ཞུ་དག་གི་འགན་བཞེས་པའི་མཁས་པ་ལ་བརྗོད་དེ། དཔེར་ན་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ལྟ་བུའོ། །
༢༨ ལོ་པཎ་བསྡེབས་པའི་འགྱུར། གང་ལས་འགྱུར་བའི་སྐད་ཡིག་དེ་རང་སྐད་རང་ཡིག་ཏུ་འཛིན་པའི་པཎྜི་ཏ་དང་། གང་དུ་འགྱུར་བའི་སྐད་ཡིག་དེ་རང་སྐད་རང་ཡིག་ཏུ་འཛིན་པའི་ལོ་ཙཱ་བ་གཉིས་བསྡེབས་ཏེ་མཛད་པའི་འགྱུར་ལ་བརྗོད་པའོ། །
༢༩ སྐད་ཀྱི་དཀར་ཆག དཔེར་ན་སྒྲ་སྦྱོར་བམ་གཉིས་ལྟ་བུ་སྔོན་དུས་ལོ་པཎ་དང་རྒྱལ་པོ་གདན་འཛོམས་པའི་གྲྭར་ལེགས་སྦྱར་ནས་བོད་སྐད་དུ་མདོ་སྔགས་བསྟན་བཅོས་རྣམས་བསྒྱུར་བ་ན། གཏན་ལ་ཕབ་པའི་བརྡ་ཆད་རྣམས་སྐད་གཉིས་ཤན་སྦྱར་བྱས་ནས་གཅིག་ཏུ་བསྡེབས་ཤིང་ཀུན་གྱིས་དེ་ལས་འགྱུར་དུ་མེད་པར་མཛད་པའི་དཔེ་ཆ་ལ་གོ་སྟེ། དེང་སང་ཚིག་མཛོད་དམ་མིང་མཛོད། སྐད་མཛོད་ཅེས་སུ་གྲགས་པའོ། །
༣༠ སྒྲ་བསྒྱུར་གླིང་། སྔོན་དུས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་བཞེངས་པའི་བསམ་ཡས་ལྷ་ཁང་ཆེན་མོའི་དབུ་རྩེའི་ལྷོ་ནུབ་མཚམས་སུ་ཡོད་པའི་སྒྲ་བསྒྱུར་ཡུལ་གྱི་ལྷ་ཁང་ཞིག་སྟེ། སྡེ་སྣོད་ཆོས་ཀྱི་སྒྲ་སྒྱུར་བྱེད་པའི་གླིང་། ཞེས་པ་ལྟར། དེར་རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་ཛི་ན་མི་ཏྲ་སོགས་དང་། བལ་པོའི་པཎ་ཆེན་ཤཱི་ལ་མཉྫུ་དང་བལ་པོ་བ་སུ་དྷ་ར་སོགས། བོད་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་དང་ནམ་མཁའི་སྙིང་པོ་སོགས་ཀྱིས་སྒྲ་བསྒྱུར་ཤིན་ཏུ་མང་པོ་མཛད་པ་ཡིན་ཏེ། སྒྲ་བསྒྱུར་གླིང་དུ་མདོ་སྔགས་ཆོས་རྣམས་བསྒྱུར། ཅེས་པའི་ལོ་རྒྱུས་ཡོད་དོ། །དེ་ནི་རྒྱ་ནག་ཏུ་ཐང་རྒྱལ་རབས་ཀྱི་སྐབས་སུ་ཐང་སན་བླ་མས་(唐僧)བསྒྱུར་གྲྭ་(译场)འགའ་བཙུགས་པ་ལྟ་བུའོ། །
དོན་གནད།
༡ སྒྲ་སྒྱུར་དང་སྒྲ་བསྒྱུར་ལ་ཁྱད་པར་ཡོད་དམ། འདིར་སྒྲ་ཞེས་པའི་དོན་གང་ཡིན།
༢ བསྒྱུར་བྱ་དང་མ་ཡིག་གཉིས་ཀྱི་གོ་དོན་གཅིག་པ་བཞུགས་སམ།
༣ བོད་ཀྱི་འགྱུར་རྙིང་ཐམས་ཅད་ལ་འགྱུར་བྱང་བཞུགས་སམ། །
༤ རྒྱ་དཔེ་ཞེས་པའི་རྒྱ་དེ་གང་ལ་གོ་དགོས།
༥ ལོ་རྒྱུས་ཐོག་ལ་བོད་ལ་བསྒྱུར་གྲྭ་བཙུགས་མྱོང་ངམ།
༦ མི་ལོ་བཅུ་གསུམ་བར་དུ་ཆོས་བསྒྱུར་ཏོ་ཞེས་པའི་ལོ་རྒྱུས་དེ་བོད་རྒྱལ་གང་གི་སྐུ་རིང་ལ་བྱུང་། །
གཉིས་པ། བསྒྱུར་བའི་ཚུལ་བཞི།
གང་ཞིག་བསྒྱུར་བར་བྱ་བའི་སྒྲ་ལ་འཇིག་རྟེན་ལ་གྲགས་པའི་སྒྲ་དང་བསྟན་བཅོས་ལ་གྲགས་པའི་སྒྲ། ཐུན་མོང་མ་ཡིན་པ་ལ་གྲགས་པའི་སྒྲ་བཅས་གསུམ་ཡོད། སྐབས་ཀྱི་བརྗོད་བྱར་གྱུར་པའི་སྒྲ་ནི་སྔ་མ་གཉིས་ཡིན་ཏེ། ཕྱི་མ་དེ་འདིར་བརྗོད་པའི་སྐབས་སུ་མ་བབས་ཤིང་སྒྲ་གཉིས་པའི་ཁོངས་སུ་བསྡུ་རུང་བའི་ཕྱིར། འདིར་སྒྲ་ཞེས་པ་ནི་བསྒྱུར་བྱ་ལ་གོ་དགོས་སོ། །
དེ་ཡང་འཇིག་རྟེན་ལ་གྲགས་པའི་སྒྲ་ནི། ཀ་བ་དང་བུམ་པ་ལ་སོགས་པ་འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་རྣམས་ཏེ། དེ་ནི་ལོ་ཙཱ་བ་ཞིག་ལ་མཚོན་ན་སྐད་རིགས་གཉིས་ཤན་སྦྱར་བའི་སྒྲ་མང་པོ་ཞིག་ཚིག་མཛོད་དང་སྐད་ཀྱི་དཀར་ཆག་ཙམ་དུ་མ་ལུས་པར་རང་གི་བློ་ལ་འཛིན་དགོས་ཏེ། རིག་པ་དཔེ་ཐོག་ལུས་པས་ལག་ལེན་དཀའ། ཞེས་གསུངས་པ་ལྟར་དུ་ཉམས་ཉེན་ཡོད་པས་སོ། །བསྟན་བཅོས་ལ་གྲགས་པའི་སྒྲ་ནི་མཁས་པ་གྲགས་པའི་རྣམ་དབྱེ་དང་ཚིག་ཕྲད་ལ་སོགས་པ་ལས་གྲུབ་པའི་བརྡའོ། །དེ་ནི་གང་ནས་བསྒྱུར་བའི་སྐད་ཡིག་གཉིས་དང་གང་དུ་འགྱུར་བའི་སྐད་ཡིག་གཉིས་ཆའི་སྐད་ལུགས་དང་ཚིག་གཤིས་སོགས་སོ་སོའི་བརྡ་སྤྲོད་རིག་པ་ལ་ཤིན་ཏུ་བྱང་དགོས་པ་པ་དང་ལོ་རྒྱུས་ཆེ་དགོས་པའོ། །བཀའ་ཐང་ཤེལ་བྲག་མ་ལས། སྒྲ་ནི་ཐད་སོར་བསྒྱུར་དང་ཐད་ལོག་བསྒྱུར། བརྒྱུད་དེ་བསྒྱུར་དང་བསྒྲུབས་ཏེ་བསྒྱུར་བ་དང་། སྒྲ་གཅིག་དོན་མང་དོན་གཅིག་སྒྲ་བསླབས། ཞེས་གསུངས་པ་ལྟར་སྒྲ་བསྒྱུར་བའི་ཚུལ་ལ་བཞི་སྟེ། བརྒྱུད་དེ་བསྒྱུར་བ་དང་། བསྒྲུབས་ཏེ་བསྒྱུར་བ། ཐད་ལོག་ཏུ་བསྒྱུར་བ། ཐད་སོར་བསྒྱུར་བའོ། །
༡ བརྒྱུད་དེ་བསྒྱུར་བ།
བསྒྱུར་ཚུལ་འདི་ལ་བཞེད་པ་གཉིས་ཏེ། གཅིག་ནི་བསྒྱུར་བྱའི་སྒྲ་དེ་ཐོག་མར་གང་དུ་བྱུང་བ་ནས་རིམ་པར་ཡུལ་གཞན་དུ་དར་བའི་ཚེ་ཡུལ་སོ་སོའི་སྐད་བརྒྱུད་དེ་བསྒྱུར་པ་ལ་བཞེད་དེ། དཔེར་ནcompuierཞེས་པ་རྒྱ་ནག་གི་ཁ་སྐད་དུ 电脑ཡིག་སྐད་དུ་计算机ཞེས་པ། དེ་ནས་བོད་ཀྱི་ཁ་སྐད་དུ་གློག་ཀླད་དང་། ཡིག་སྐད་དུ་རྩིས་འཕྲུལ་ཞེས་སུ་བསྒྱུར་པ་ལྟབུའོ། །
ཅིག་ཤོས་ནི། བསྒྱུར་བྱའི་སྒྲ་དེ་གང་དུ་འགྱུར་བའི་སྐད་ཡིག་དེ་ཉིད་སྤྱོད་པའི་མི་ལ་མ་བསྒྱུར་བའི་གོང་དུ་རྒྱུས་ཆུང་བའི་དབང་གིས་དང་པོར་བསྒྱུར་དུས་སྒྲ་དེ་དེ་ལྟར་ཆགས་པའི་རྒྱུ་མཚན་གསལ་བྱེད་དང་བཅས་ཏེ་བསྒྱུར་བ་ལ་བཞེད། བསྒྱུར་ཚུལ་འདི་ནི་དངོས་པོ་ཞིག་ལས་བྱུང་བའི་སྒྲ་དང་མཚུངས་པར་དངོས་པོ་དེའི་མིང་ལ་སྒྲ་དེ་ཆགས་པ་སྒྲ་མཚུངས་ཀྱི་མིང་དུ་གྲགས་པ་དེའི་བསྒྱུར་ཚུལ་ལ་བཞེད་པ་དམ་སྙམ་ཏེ། དཔེར་ན་རྒྱ་ནག་སྐད་དུ། 布谷鸟ཞེས་པ་བསྒྱུར་སྐབས། བྱ་ཞིག་གི་མིང་སྟེ། བྱ་དེས་སྐད་པུ་ཀུ་པུ་ཀུ་ཞེས་པའམ་ཀུ་ཧུ་ཀུ་ཧུ་ཞེས་གྲག་པས་ནས་ཀུ་ཧུའམ་ཁུ་བྱུག་ཅེས་བསྒྱུར་པ་ལྟ་བུའོ། །
རང་གི་རྣམ་རྟོག་ལ་བཞེད་པ་གཉིས་ཀ་གང་ཞིག་འཐད་གང་ཞིག་མི་འཐད་ཅེས་དཔྱད་དགོས་པ་མི་འདུག་སྟེ། བཞེད་པ་གཉིས་ཀ་ད་ལྟ་ལོ་ཙཱ་བྱེད་སྐབས་སུ་རང་ཅག་ལ་མཁོ་བའི་བསྒྱུར་ཚུལ་མི་འདྲ་བ་གཉིས་ཡིན་པའི་ཕྱིར་རོ། །
༢ བསྒྲུབས་ཏེ་བསྒྱུར་བ།
བསྒྱུར་ཚུལ་འདི་ཐོག་མར་རྒྱ་གར་གྱི་བརྡ་སྤྲོད་པའི་ལུགས་ཀྱི་ཉེར་བརྒྱད་གྱི་རྐྱེན་ཐ་དད་འཕྲད་ཚེ་སྤྱོད་པ་ཡིན། མིང་གཅིག་དོན་དུ་མ་ལ་འཇུག་པ་ལས་སྐབས་ཐོབ་ཀྱིས་དོན་གང་རུང་ཞིག་ཏུ་བསྒྱུར་བའི་ཚུལ་ཏེ། དཔེར་ན། ལེགས་སྦྱར་དུ་ཀཽ་ཤི་ཀ་ཞེས་པའི་སྒྲ་དེ་བརྒྱ་བྱིན་དང་། མཛོད་ལྡན་དང་། ཀུ་ཤ་ཐོགས་པ་དང་། མཁས་པ་དང་། གུ་གུལ་དང་། འུག་པ་རྣམས་ལ་འཇུག་པ་ལས་སྐབས་ཐོབ་ཀྱིས་གང་ཡང་རུང་བ་ཞིག་ཏུ་བསྒྱུར་པ་ལྟ་བུ་དང་། རྒྱ་ནག་སྐད་དུ་无法ཞེས་པ་དེ་ཐབས་མེད་དང་ཁྲིམས་མེད་གཉིས་ལ་འཇུག་པ་ལས་སྐབས་ཐོབ་ཀྱིས་གང་རུང་ཞིག་ཏུ་བསྒྱུར་པ་ལྟ་བུ་སྟེ། བསྒྱུར་ཚུལ་འདིས་ནི་ལེགས་སྦྱར་གྱི་ལུགས་ལྟར་ན་ཉེར་བསྒྱུར་གྱི་རྐྱེན་དང་འཕྲད་པའམ། དབྱིན་སྐད་དང་རྒྱ་ནག་སྐད་ལྟར་ན་ཚིག་སྔ་ཕྱིའི་དོན་ལ་དཔགས་ཏེ་དོན་དུ་མ་ལ་འཇུག་པ་ལས་དོན་གང་རུང་ཞིག་བསྒྱུར་པ་ཡིན་པས་ན་ཚུལ་འདི་ལ་བསྒྲུབས་ཏེ་བསྒྱུར་པའམ་སྒྲ་དྲངས་ཏེ་བསྒྱུར་པ་ཞེས་བརྗོད་ལ། མིང་གཅིག་དོན་དུ་མ་ལ་འཇུག་པའི་རྣམ་གྲངས་ཤིག་སྐབས་ཐོབ་ལྟར་བསྒྱུར་བས་ན་རྣམ་གྲངས་བསྒྱུར་པ་ཞེས་ཀྱང་བརྗོད་དོ། །
བསྒྱུར་ཚུལ་འདི་ལེགས་པར་ཤེས་ན་སྐབས་ཀྱི་བརྗོད་བྱ་མཚོན་པ་ལ་གནད་དུ་ཕེབས་ཤིང་། གང་དུ་བསྒྱུར་བའི་སྐད་ཡིག་དེར་ཚིག་དང་དོན་གྱི་རོ་ཉམས་བཟང་པོ་ཐོན་པ་ཡིན། དེས་ན་ལོ་ཙཱ་བ་ཀུན་གྱིས་བསྒྱུར་བྱ་ལ་གོ་བ་ལེན་པའི་སྐབས་སུ་མ་ཡིག་གང་ཡིན་པ་དེའི་ལུགས་ལྟར་གྱི་བརྡ་སྤྲོད་དང་ཚིག་སྔ་ཕྱི་སོགས་ལ་ཞིབ་པར་བརྟག་པ་གལ་ཤིན་ཏུ་ཆེ། དེ་ལྟར་མ་ཡིན་པར་ཚིག་ནང་གི་སྒྲའམ་མིང་དུམ་བུ་ཞིག་བླངས་ཏེ་དེ་ཁོ་ན་ལ་བརྟགས་ཏེ་བསྒྱུར་བས་མི་ཡོང་ངོ་། །
༣ ཐད་ལོག་ཏུ་བསྒྱུར་པ།
མ་ཡིག་གི་གོ་རིམ་སྔ་ཕྱི་འཆོལ་བར་བྱས་ནས་བསྒྱུར་པས་ན་ཐད་ལོག་ཏུ་བསྒྱུར་བ་སྟེ། བསྒྱུར་ཚུལ་འདི་ལ་མིང་ཐད་ལོག་ཏུ་བསྒྱུར་པ་དང་ཚིག་ཐད་ལོག་ཏུ་བསྒྱུར་པ་གཉིས་ཏེ།
ཀ མིང་ཐད་ལོག་ཏུ་བསྒྱུར་བ།
དཔེར་ན་ལེགས་སྦྱར་དུ་༡ཨ་༢མྲྀ་ཏ་ཞེས་པའི་མགོའི་ཨ་ཐུང་དེ་དགག་སྒྲ་དང་མྲྀ་ཏ་འཆི་བ་ལ་འཇུག་པ་གོ་རིམ་བཞིན་དུ་བསྒྱུར་ན། ༡མེད༢འཆི་བ། ཞེས་སུ་འགྱུར་ལ། བོད་སྐད་བཤའ་མ་ལྟར་ན། ༢འཆི་བ ༡མེད།ཅེས་སུ་བསྒྱུར་དགོས་པ་ལྟ་བུ་དང་། རྒྱ་ནག་སྐད་དུ། 1四2海ཞེས་པའི་དོན་གྱི་རྣམ་གྲངས་ཤིག་གོ་རིམ་ལྟར་བསྒྱུར་ན་༡བཞི་༢མཚོ་ཞེས་སུ་འགྱུར་ལ། བོད་སྐད་རྣལ་མ་ལྟར་ན་༢མཚོ་༡བཞི་ཞེས་སུ་བསྒྱུར་དགོས་པ་ལྟ་བུའོ། །
ཁ ཚིག་ཐད་ལོག་ཏུ་བསྒྱུར་བ།
དཔེར་ན་ལེགས་སྦྱར་དུ། ༡ན་མོ་༢རཏྣ་ཏྲཱ་ཡཱ་ཡ། ཞེས་པ་གོ་རིམ་བཞིན་བོད་སྐད་དུ་བསྒྱུར་ཏེ་བཀོད་ན། ༡ཕྱག་འཚལ་ལོ། ༢དཀོན་མཆོག་གསུམ་ལ། ཞེས་པར་འགྱུར་བ་ཡིན་ལ། དེ་ཉིད་བོད་རང་གི་ཚིག་སྦྱོར་ལྟར་ན། ༢དཀོན་མཆོག་གསུམ་ལ་༡ཕྱག་འཚལ་ལོ། ཞེས་སུ་བསྒྱུར་དགོས་པས་སྔར་ལེགས་སྦྱར་གྱི་གོ་རིམ་དེ་བོད་སྐད་དུ་འཆོལ་བ་ཡིན་པས་ན། སྔོན་གྱི་མཁས་པས། ཐད་ལོག་ཏུ་བསྒྱུར་པ་ནི་གོ་རིམ་འཆོལ་བ་སྟེ། ཞེས་གསུངས་པའོ། །
རྒྱ་ནག་སྐད་དུ། 1 乐2 于3学习ཞེས་པའི་ཚིག་དེ་གོ་རིམ་བཞིན་དུ་བོད་སྐད་དུ་བསྒྱུར་ན། ༡སྤྲོ་བ། ༢ལ། ༣སློབ་སྦྱོང་། ཞེས་པར་འགྱུར་ལ། དེ་ཉིད་བོད་རང་གི་ཚིག་སྦྱོར་ལྟར་ན། ༣སློབ་སྦྱོང་། ༢ལ། ༡སྤྲོ་བ། ཞེས་སུ་བསྒྱུར་དགོས་པ་ལྟ་བུའོ། །
མཁས་པ་ལ་ལས་ཐད་ལོག་ཏུ་བསྒྱུར་བའི་ཚུལ་འདི་མི་བཞེད་ཀྱང་འདི་ནི་མིང་དང་ཚིག་གང་ཞིག་བསྒྱུར་ཀྱང་རྣམ་པ་ཀུན་ཏུ་མཁོ་བའི་བསྒྱུར་ཚུལ་ཞིག་གོ།
༤ ཐད་སོར་བསྒྱུར་བ།
གོང་དུ་སོང་བའི་བརྒྱུད་དེ་བསྒྱུར་བ་དང་། བསྒྲུབས་ཏེ་བསྒྱུར་པ། ཐད་ལོག་ཏུ་བསྒྱུར་བའི་ཚུལ་གསུམ་ལས་ལོགས་སུ་གྱུར་པ་ཀུན་ལ་ཐད་སོར་བསྒྱུར་པ་ཞེས་བརྗོད་དེ། དེ་ལ་ཡང་མིང་ངམ་ཚིག་ཐུང་ཐད་སོར་བསྒྱུར་པ་དང་ཚིག་ཐད་སོར་བསྒྱུར་པ་གཉིས།
ཀ མིང་ངམ་ཚིག་ཐུང་ཐད་སོར་བསྒྱུར་པ།
དཔེར་ན་ལེགས་བསྒྱུར་སྦྱར་དུ། ༡བཛྲ༢སཏྭ།ཞེས་པ་རིམ་པ་ཇི་བཞིན་དུ། ༡རྡོ་རྗེ་སེམས་དཔའ། ཞེས་སུ་བསྒྱུར་པ། ཡང་ཏཏྐཱལ། ཞེས་པ། དེའི་དུས་དུས་སྦྱོར། ཞེས་སུ་བསྒྱུར་པ་ལྟ་བུ་དང་། རྒྱ་ནག་སྐད་དུ། ༡传统༢文化ཞེས་པ། ༡སྲོལ་རྒྱུན་རིག་གནས། ཞེས་སུ་བསྒྱུར་བ་ལྟ་བུའམ། 1北2方༡བྱང་༢ཕྱོགས།ཞེས་སུ་བསྒྱུར་བ་ལྟ་བུའོ། །
ཁ ཚིག་ཐད་སོར་བསྒྱུར་པ།
དཔེར་ན་ལེགས་སྦྱར་དུ། ༡ཨཱརྱ་༢བྷ་དྲ་༣ཙརྱ་༤པྲ་ཎི་དྷ་ན་༥རཱ་ཛ།ཞེས་པ་གོ་རིམ་བཞིན་དུ། ༡འཕགས་པ་༢བཟང་པོ་༣སྤྱོད་པའི་༤སྨོན་ལམ་གྱི་༥རྒྱལ་པོ།ཞེས་སུ་བསྒྱུར་བ་ལྟ་བུའོ། །རྒྱ་ནག་སྐད་དུ། 1译事2三难3信、达、雅、ཞེས་པ་པ་ཐད་སོར་བོད་སྐད་དུ། ༡བསྒྱུར་བའི་༢དཀའ་གནད་གསུམ་སྟེ༣མཐུན་འབྱོར་སྙན། ཞེས་སུ་བསྒྱུར་བ་ལྟ་བུའོ། །ཚུལ་འདི་ལ་མ་ཡིག་གི་གོ་རིམ་མ་འཆོལ་བར་རིམ་པ་ལྟར་བསྒྱུར་པས་ན་རིམ་པར་བསྒྱུར་པ་དང་། རང་ཐད་དུ་བསྒྱུར་པ་ཞེས་ཀྱང་བརྗོད་དོ། །
དེ་ལྟར་སྔོན་བྱོན་མཁས་པའི་ཕྱག་བཞེས་བསྒྱུར་བའི་ཚུལ་བཞི་ཞེས་པ་དཔེར་བརྗོད་དང་བཅས་པ་ཚིག་ཉུང་ངུའི་སྒོ་ནས་བརྗོད་ཟིན་ལ། ད་ལྟར་བཞུགས་པའི་ལོ་ཙཱ་བ་དག་གིས་སོ་སོའི་བློ་རྩལ་ལྟར་བསྒྱུར་ཚུལ་སྣ་ཚོགས་ལག་ལེན་བྱེད་བཞིན་ཡོད་མོད། བློ་རྣལ་དུ་ཕབ་ནས་བརྟགས་ཚེ་བསྒྱུར་ཚུལ་ཕལ་ཆེར་ལ་ཚུལ་འདི་བཞིས་ཁྱབ་བོ། །དེས་ན་ཀུན་ལ་གསལ་འདེབས་སམ་ངོ་སྤྲོད་ཅིག་ཡོང་རེས་སྔོན་གྱི་བསྟན་བཅོས་ཁག་ཏུ་འཐོར་ནས་བཞུགས་པ་རྣམས་ལ་རང་གིས་ཅུང་ཟད་དཔྱད་ནས་གཅིག་ཏུ་བསྡུས་པ་ཡིན་ནོ་ཞེས་དཔལ་ལྡན་ལེགས་བཤད་ཀྱི་རབ་རྒྱན་ས་གླང་ས་ཟླའི་ཚེས་༢ནས་༤བར་གྱི་ཉིན་གསུམ་ལ་བྲིས་པའོ། །(རྩོམ་སྒྲིག་པ་ཨོ་རྒྱན་དོན་གྲུབ། )