ཐ་སྙད་གསར་བ་བོད་ཡིག་ཏུ་སྒྱུར་སྐྲུན་བྱེད་ཐབས་ཀྱི་སྐོར་ཅུང་ཙམ་གླེང་བ།

        2010-08-31

ཐ་སྙད་གསར་བ་བོད་ཡིག་ཏུ་སྒྱུར་སྐྲུན་བྱེད་ཐབས་ཀྱི་སྐོར་ཅུང་ཙམ་གླེང་བ།
དེང་གི་སྤྱི་ཚོགས་ཡང་ངོའི་ཟླ་བཞིན་འཕེལ་རྒྱས་སུ་འགྲོ་བའི་སྒང་ལ་། མིའི་རིགས་ཀྱི་འཚོ་བ་ཉིན་བཞིན་ཇེ་བཟང་དང་ཇེ་སྐྱིད་དུ་འགྲོ་བཞིན་འདུག དེ་ནི་གཙོ་བོ་དངོས་པོའི་དཔལ་ཡོན་གྱ་ནོམ་པ་ཞིག་ལ་ལོངས་སྤྱོད་བྱེད་བཞིན་ཡོད་པའི་རྐྱེན་གྱིས་རེད།བོད་མི་རིགས་ལ་མཚོན་ན། བྱ་དངོས་གསར་བ་བཀོལ་སྤྱོད་དང་ལག་ལེན་བྱེད་པར་འགྲམ་ཆུ་ལྡང་རུང་དངོས་པོ་གསར་བ་ཉུང་ཤས་མ་གཏོགས་བཀོལ་སྤྱོད་བྱེད་ཐུབ་མེད། བྱ་དངོས་གསར་བ་དེ་དག་གིས་ཀྱང་ཕྱིའི་རྣམ་པ་ཙམ་ལས་ནང་གི་ཉིང་བཅུད་ལ་རོལ་བ་ཧ་ཅང་ཉུང་ཉུང་རེད། བྱ་དངོས་གསར་བ་ག་འདྲ་ཞིག་ཡིན་ཡང་དེ་རང་སྐད་ཀྱིས་མཚོན་པར་བྱེད་པ་དང་བརྒྱུད་སྒྲོག་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་ཞིང་། དེང་སང་བོད་ཀྱི་ཞིང་འབྲོག་ས་ཆར་དངོས་པོ་གསར་པ་སྟེ། བརྙན་འཕྲིན་དང་ཁ་པར། འཁྱགས་སྒམ། རླངས་འཁོར་ལ་སོགས་ཁྱབ་བརྡལ་དུ་སོང་ཡོད་ནའང་། ད་ལྟའི་བོད་ཀྱི་ས་ཆས་མང་ཆེ་ཤོས་ཀྱིས་ཐ་སྙད་གསར་བ་འདི་དག་ཡེ་ནས་བརྗེད་འདུག་པར་སྣང་། རྒྱུ་མཚན་ནི་“电视,电话,电脑,冰箱,汽车,火车”ལ་སོགས་རྒྱ་སྐད་ཀྱིས་བཤད་དེ་རྒྱུན་འབྱམས་སུ་གྱུར་ནས། དེང་འདིར་རོང་འབྲོག་ས་ཆའི་རྒན་པོ་དང་བྱིས་པ་ཚོར་ཐ་སྙད་དེ་དག་རྒྱ་སྐད་རེད་ཅེས་བཤད་ན་རྣར་མི་འགྲོ་བའི་ཚད་ལ་སླེབས་འདུག་གོ
   ཐ་སྙད་གསར་བ་བོད་ཡིག་ཏུ་སྒྱུར་སྐྲུན་བྱེད་ཐབས་ཀྱི་སྐོར་ཅུང་ཙམ་གླེང་བ།
 དེ་ཡང《པདྨ་བཀའ་ཐང》ལས“དུས་ནི་མི་འགྱུར་མི་ནི་འགྱུར་བ་ཡིན”ཞེས་པ་བཞིན་མི་རྣམས་འགྱུར་བའི་དབང་གིས་སྐད་དང་ཡི་གེའང་འགྱུར་བཞིན་འདུག སྤྱི་ཚོགས་འཕེལ་སོང་། མི་རྣམས་འགྱུར་སོང་། ཚན་རྩལ་དཔལ་འབྱོར་གྱིས་ཚོང་རའི་འགྲན་རྩོད་ཁྲོད་དུ་ཛ་དྲག་གི་སྐུལ་འདེད་གཏོང་བཞིན་འདུག་པས། རང་རེའི་བ་ཚོའང་“སྟག་མཆོངས་སར་ཝ་མཆོངས”བའི་དཔེ་བཞིན། སྐད་རིགས་ཡ་མ་ཟུང་ཞིག་བཤད་ཅིང་ཐ་སྙད་གཞན་བློ་ངོར་བྱང་བ་ཞིག་བཀོལ་སྤྱོད་བྱེད་པའི་ཚད་ལ་སླེབས་འདུག་པས་ངེས་པར་དུ་ཐ་སྙད་གསར་བ་སྒྱུར་སྐྲུན་སྐོར་ལ་བརྩི་མཐོང་ནན་མོ་བྱ་དགོས་སོ།།
 སྤྱིར་བོད་ཀྱི་སྐད་དང་ཡི་གེ་འདི་བསྐལ་བ་ཇི་སྲིད་བར་དུ་མ་ཉམས་པར་ཡུན་གནས་འཕེལ་རྒྱས་ཡོང་བར་བྱ་དགོས་ན།ཐོག་མར་དེང་རབས་སྤྱི་ཚོགས་ཁྲོད་ཀྱི་བྱ་དངོས་གསར་བ་དང་། ཐོན་རྫས་གསར་བ།རིག་གཞུང་གསར་བའི་མ་ལག་ཚང་མ་བོད་མི་ཡོངས་ཀྱི་ཀླད་པའི་ནང་ཚུར་སྣང་བྱ་ཐུབ་པའི་ཐ་སྙད་གསར་བ་རེ་བོད་སྐད་རྣལ་མ་ཞིག་ཏུ་ཐད་སྒྱུར་དང་དོན་སྒྱུར།སྒྲ་སྒྱུར་གྱི་ཐབས་ལ་བརྟེན་ནས་སྒྱུར་སྐྲུན་བྱས་ཏེ།བོད་མི་ཡོངས་ཀྱིས་བཀོལ་སྤྱོད་དང་དང་ལེན་བྱ་ཐུབ་ཅིང་སྤྱི་ཚོགས་ཀྱི་ཁྲོད་དུ་རྒྱུགས་ཆེ་ཞིང་ཕན་འབྲས་ཆེན་པོ་བྱུང་བ་དང་བསྟུན་ནས།བོད་སྐད་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་ཆགས་འཇིག་ལ་ཐད་ཀར་རག་ལས་པའི་དོན་ཆེན་ཞིག་རེད།དེ་ཡང་ཐད་བསྒྱུར་དང་དོན་སྒྱུར་ནི་ལོ་ཙཱའི་ཐབས་གཙོ་བོ་གཉིས་སུ་སྣང་སྟེ།ཐད་སྒྱུར་ནི་མ་ཡིག་དང་བསྒྱུར་ཡིག་གཉིས་ནང་དོན་གྱི་ཆ་ནས་མཐུན་པར་མ་ཟད།ཕྱིའི་རྣམ་པའི་སྟེང་ནས་ཀྱང་ཇི་བཞིན་དུ་མཚོན་པར་བྱ་ལ་། དཔེར་ན། 电脑ལ་གློག་ཀླད་དང་། 冰箱ལ་འཁྱག་སྒམ། 植树造林ལ་སྡོང་འཛུགས་ནག་བཟོ་ལྟ་བུ་དང་། དཔེར་ན།飞机ལ་ལྕགས་བྱའམ་གནམ་གྲུ། 母语ལ་ཕ་སྐད། 太阳能ལ་ཉི་གློག 牛奶分离机ལ་འོ་དབྱུག 职称 ལ་ལས་ཀའི་ཐོབ་ཐང་ལ་སོགས་ནང་འདྲེན་བྱས་པའི་ཐ་སྙད་གསར་བ་རྣམས་ལ་རྒྱ་ཆེ་བའི་མང་ཚོགས་ཀྱི་ཁས་ལེན་དང་དགའ་བསུ་ཐོབ་ཡོད་པར་མ་ཟད།སྐད་བརྡ་རིག་པའི་གཞུང་ལུགས་དང་མཐུན་ཞིང་ཐ་སྙད་རེ་རེ་བཞིན་མཐོང་ན་དོན་གསལ་བ་དང་། ཉན་ན་གོ་སླ་བ། བློར་འཛིན་བདེ་བ། བཀོལ་ན་འཆུག་མི་སླ་བའི་མི་རིགས་རང་སྐད་ཀྱི་ཁྱད་ཆོས་མངོན་ཡོད། དེས་ན་ཐ་སྙད་གསར་བཟོ་བྱ་དུས་བོད་སྐད་ཀྱི་ཁྱད་ཆོས་ལ་མནོ་བསམ་ཟབ་མོ་གཏོང་འོས། ཐ་སྙད་གསར་བ་བོད་ཡིག་ཏུ་སྒྱུར་སྐྲུན་བྱེད་ཐབས་ཀྱི་སྐོར་ཅུང་ཙམ་གླེང་བ།
འདི་ནི་ཐ་སྙད་གསར་བཟོ་བྱེད་སྐབས་ཀྱི་གནད་དོན་གལ་ཆེན་ཞིག་ཡིན།དེ་ལ་སྒྲ་སྒྱུར་ནི་དོན་གང་སྟོན་པར་བྱ་བའི་མིང་བརྡ་དེའི་སྐད་སྐད་གདངས་ཇི་བཞིན་ཚུར་སྒྱུར་བྱ་བ་ལ་ཟེར་ཞིང་། དེ་ལ་གཡར་མ་ཞེས་བརྗོད། དཔེར་ན། 巧克力 ལ་ཆོ་ཁུ་ལེ་དང་། 书记ལ་ཧྲུའུ་ཅི། 主任ལ་ཀྲུའུ་རིན་སོགས་མང་པོ་ཡོད་ལ། མི་རིགས་གང་ཡིན་རུང་རིག་གནས་བསྡུ་ལེན་དང་བསམ་བློ་བརྗེ་རེས་ཀྱི་ཁྲོད་དུ་སྒྲ་སྒྱུར་གྱི་ཐབས་འདི་གནད་ཀྱི་དམ་པར་བཟུང་ཡོད།སྤྱིར་ཡིག་བསྒྱུར་ལེགས་པོ་ཞིག་ཡོང་མིན་ནི་ཐ་སྙད་ལ་རག་ལས་ཤིང་། ཐ་སྙད་ནི་བརྗོད་དོན་གསལ་བར་མཚོན་བྱེད་ཀྱི་གྲུབ་ཆ་གཙོ་བོ་ཡིན། སློབ་དཔོན་ཀླུ་སྒྲུབ་ཀྱིས“ཐ་སྙད་ལ་ནི་མ་བརྟེན་པར།། དམ་པའི་དོན་ནི་རྟོགས་མི་ནུས།།”ཞེས་གསུངས་པ་ནི་ལེགས་བཤད་དྲི་མེད་ཅིག་གོ།
  • ལེ་ཚན་སྔོན་མ།:ལོ་ཙྰའི་ཐད་ཀྱི་གནད་དོན་འགའ་རགས་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:མདོ་མཛངས་བླུན་ལས་དཔེ་སྣ་ཚོགས་བསྟན་པའི་ལེའུ་ཞེས་པའི་ལོ་ཙཱའི་ཐབས་རྩལ་སྐོར་ལ་རོབ་ཙམ་དཔྱད་པ།
  • དོ་སྣང་ཆེ་བའི་རྩོམ།