རྒྱ་བོད་ཡིག་སྒྱུར་གྱི་དོན་མང་ཐ་སྙད་འགར་ཅུང་ཙམ་དཔྱད་པ།
ཨོ་རྒྱན་སྐྱབས། 2016-09-19
རྒྱ་བོད་ཡིག་སྒྱུར་གྱི་དོན་མང་ཐ་སྙད་འགར་ཅུང་ཙམ་དཔྱད་པ།
སྤྱིར་མི་རིགས་ཞེས་པ་ནི་ལོ་རྒྱུས་ཐོག་ནས་ཆགས་པ་ཞིག་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བར་གནས་པའི་མི་རིགས་ཀྱི་ཐུན་མོང་ཚོགས་པ་ཞིག་ཡིན། དེར་བྱེ་བྲག་ཐུན་མོང་གི་སྐད་ཡིག་དང་། ཐུན་མོང་གི་ས་ཁོངས། ཐུན་མོང་གི་དཔལ་འབྱོར་འཚོ་བ། ཐུན་མོང་གི་རིག་གནས་ཐོག་ནས་མཚོན་པའི་ཐུན་མོང་གི་བསམ་ཚུལ་བཅས་ལྡན་པའི་མི་རྣམས་ཀྱི་ཐུན་མོང་གི་ཚོགས་པར་ཟེར་བ་དང་། ལོ་ཙཱ་ཞེས་པ་ནི་སྐད་རིགས་མི་གཅིག་པ་གཉིས་དང་རིག་གནས་གོམས་སྲོལ་མི་འདྲ་བ་གཉིས་ཀྱི་མི་རིགས་ཕན་ཚུན་འབྲེལ་འདྲེས་དང་བསམ་དོན་བརྗེ་རེས་བྱ་བའི་ལས་སྒོ་ཞིག་ལ་ཟེར་བ་རེད། སྐད་ཡིག་མི་འདྲ་བ་གཉིས་སམ་དེ་ཡན་རྟོགས་ན་ད་གཟོད་ཡིག་སྒྱུར་ཞེས་པའི་བྱ་བ་དེ་གྲུབ་པ་རེད། དེར་བརྟེན་ཚིག་མཛོད་ཆེན་མོ་ལས་ཡིག་སྒྱུར་ཞེས་པ་ནི་ཡིག་རིགས་མི་འདྲ་བ་ཕར་ཚུར་དུ་སྒྱུར་བའམ་ཡིག་རིགས་གཅིག་ནས་གཅིག་ཏུ་སྒྱུར་མཁན་ལ་ཟེར་བ་དང་། ལེགས་སྦྱར་སྐད་ཀྱིས་དེར་ལོ་ཙཱ་བ་ཟེར། ལོ་ཙཱ་བྱེད་པའི་ཁྲོད་དུ་ནམ་རྒྱུན་ང་ཚོས་དོན་མང་ཐ་སྙད་མང་པོ་དང་ཐུག་གི་ཡོད། དེ་ཡང་དོན་མང་ཐ་སྙད་ཅིག་གི་དོན་དངོས་ཀྱི་གོ་དོན་དེ་ངེས་པར་དུ་ཚིག་སྔ་ཕྱིའི་ནང་གསལ་རྟོགས་བྱ་དགོས་པ་དེ་ནི་སྐད་ཡིག་མི་འདྲ་བར་ཡོད་པའི་ཐུན་མོང་གི་ཁྱད་ཆོས་ཤིག་རེད། དེར་བརྟེན་ཡིག་སྒྱུར་བྱེད་སྐབས་ཚིག་སྔ་ཕྱི་གཞིར་བཟུང་ནས་སྔ་བལྟས་ཕྱི་བསམ་དང་ཞིབ་བརྟག་ནན་མོ་སོགས་བྱས་ནས་བརྡར་ཤ་བཅད་ཅིང་། ཐ་སྙད་རེ་རེ་ཡི་གོ་དོན་དེ་གཏན་འཁེལ་བྱ་དགོས། དེ་ནས་སྤྱི་ཁོག་ནང་དོན་ལ་གཞིར་བཟུང་བ་དང་བསྟུན་ནས་བསྒྱུར་ཡིག་གི་བརྗོད་དོན་ལ་བསམ་བློ་གཏོང་དགོས་པ་རེད། དེ་བས་བདག་གིས་རྒྱ་བོད་སྐད་གཉིས་ཀྱི་དོན་མང་ཐ་སྙད་འགའ་ལ་གོ་བསྡུར་ཚུལ་དུ་ཐ་སྙད་ཕན་ཚུན་བཀོད་སྤྱོད་ཇི་ལྟར་བྱ་དགོས་པའི་བསམ་ཚུལ་འགའ་གླེང་བའོ།།
གཅིག མ་ཡིག་གི་བརྗོད་གཞིའི་མིང་དང་ཚིག་གི་སྦྱོར་ཚུལ་དང་བསྟུན་ནས་ཐ་སྙད་ཀྱི་བསྟན་དོན་ཐ་དད་ཡིན་པ།
དེ་ཡང་བྱ་དངོས་ཀྱི་ངོ་བོ་ནི་ཕྱི་ཚུལ་ཉིད་ལས་མངོན་ཡོང་བ་ཡིན་ཞེས་བཤད་པ་ལྟར། བསྒྱུར་བྱའི་མ་ཡིག་གི་བརྗོད་དོན་གང་དེ་རྗོད་བྱེད་ཚིག་གི་ཕྲེང་བ་ལས་གསལ་བས་ན། ཐོག་མར་བསྒྱུར་བྱའི་མ་ཡིག་གི་མིང་དང་ཚིག་གི་སྦྱོར་ཚུལ་ལ་རྟོག་དཔྱོད་བྱེད་པ་ནས་འགོ་བཙུགས་ཏེ་ཐ་སྙད་ཀྱི་བསྟན་དོན་གསལ་རྟོགས་བྱ་དགོས་པ་ཧ་ཅང་གལ་ཆེ། ཡི་གེ་དུ་མ་འདུས་པ་ལས་མིང་གྲུབ་པ་དང་། མིང་དུ་མ་འདུས་པ་ལས་ཚིག་གྲུབ་པ། ཚིག་གིས་དོན་རྣམས་སྟོན་པར་བྱེད། ཡང་ན་མིང་ཚིག་བརྗོད་པ་ཀུན་གྱི་གཞི་ཞེས་མཁས་པས་གསུངས་པ་དེ་ལ་རྒྱུ་མཚན་ཆེ་སྟེ། མིང་དང་ཚིག་གི་སྒྲུབ་སྦྱོར་དང་། མིང་བརྡ་དོན་ལ་འཇུག་སྟངས་བཅས་པ་ནི་བརྗོད་པའི་རང་བཞིན་གསལ་སྟོན་ཐུབ་མིན་གྱི་གཞིར་རྩར་གྱུར་པའི་གནས་ཤིག་ཡིན། ཡིག་སྒྱུར་ལས་ལ་འཇུག་པའི་སྐབས་སུ་མ་ཡིག་གི་བསྟན་དོན་གསལ་རྟོགས་བྱེད་པར་ཐོག་མར་རྗོད་བྱེད་ཚིག་དང་ཐ་སྙད་ཀྱི་གོ་བ་ཡང་དག་ཞིག་ལོན་པར་བྱ་དགོས། དེའི་ཐད་སྐད་རིགས་མི་གཅིག་པའི་བར་ཁྱད་ལས་བྱུང་བའི་འགལ་བ་སྣ་ཚོགས་མཆིས་པ་དཔེར་ན།
(1)我们说中国地大物博,人口众多,实际上是汉族“人口众多”,少数民族“地大物博”。至少地下资源很可能是少数民族“物博”。(毛著选读下732页)
ང་ཚོས་ཀྲུང་གོའི་ས་རྒྱ་ཆེ་ཞིང་ཐོན་ཁུངས་འཛོམས་པ་དང་། མི་འབོར་མང་པོ་ཡོད་ཅེས་བཤད་ཀྱི་ཡོད་རུང་། དོན་དངོས་ཐོག་རྒྱ་རིགས་ནི་“མི་འབོར་མང་པོ་ཡོད་པ་”ཞིག་དང་། གྲངས་ཉུང་མི་རིགས་ནི་“ས་རྒྱ་ཆེ་ཞིང་ཐོན་ཁུངས་འཛོམས་པ་”རེད། མ་མཐར་ཡང་ས་འོག་གི་ཐོན་ཁུངས་དེ་ཕལ་ཆེར་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ལ་“འཛོམས་པ་”ཡོད།
(2)说中国民族的东西没有规律,这是否定中国的东西,是不对的。中国的语言、音乐、绘画,都有它自己的规律。
ཀྲུང་གོའི་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ལ་ཆོས་ཉིད་མེད་ཅེས་བཤད་པ་དེ་ནི་ཀྲུང་གོའི་རིག་གནས་སྒྱུ་རྩལ་ཁས་མི་ལེན་པ་ཞིག་ཡིན་པས་ཡང་དག་པ་མ་ཡིན། ཀྲུང་གོའི་སྐད་ཡིག་དང་། རོལ་མོ། རི་མོ་བཅས་ཚང་མར་རང་ཉིད་ཀྱི་ཆོས་ཉིད་ཡོད།
གོང་གསལ་དཔེར་བརྗོད་འདི་གཉིས་ཀྱི་"地下"དང་“东西”ཞེས་པའི་རྒྱ་ཡིག་གི་ཐ་སྙད་དེ་ཚིག་འདི་ལས་བོད་ཡིག་ཏུ་བསྒྱུར་ན་“ས་འོག་”དང་“རིག་གནས་སྒྱུ་རྩལ་”ཞེས་བསྒྱུར་ན་ཡང་དག་པར་འདོད།
(3)地下党员的掩护下,脱离了危险。
གསང་བའི་ཏང་མིས་འགེབས་སྲུང་བྱས་ནས་ཉེན་ཁ་ལས་སྒྲོལ་ཐུབ་པ་རེད།
(4)喜马拉雅山是东西走向的山脉。
རི་བོ་ཧི་མ་ལ་ཡ་ནི་ནུབ་ནས་ཤར་དུ་ཕྱོགས་པའི་རི་རྒྱུད་ཅིག་ཡིན།
གོང་གསལ་རྒྱ་ཡིག་ཏུ་“地下”ཟེར་བའི་ཚིག་གཅིག་དེས་བོད་སྐད་དུ་གསང་བ་དང་།“东西”ཟེར་བའི་ཚིག་གཅིག་དེས་བོད་སྐད་དུ་ཕྱོགས་ཡིན་པ་རེད།
(5)天上飞机盘旋,地下骏马奔腾。
ནམ་མཁར་གནམ་གྲུ་ལྡིང་སྐོར་རྒྱག་པ་དང་། ས་ཐོག་ཅང་ཤེས་རླུང་ལྟར་རྒྱུག་པ།
(6)肚子饿了,找点东西吃。
ཕོ་བ་ལྟོགས་བྱུང་བས་བཟའ་བཅའ་ཏོག་ཙམ་ཐབས་ཀྱིས་དང་།
གོང་གསལ་གྱི་དཔེར་བརྗོད་འདིའི་ནང་གི་“地下”དང་“东西”ནི་མིང་རྐྱང་དུ་གོ་བ་བླངས་ན་འགྲིག་པས་སྐབས་བསྟུན་དུ་“ས་ཐོག་”དང་“བཟའ་བཅའ་”ཞེས་པའི་དོན་དུ་གོ་བ་ལེན་དགོས་པ་རེད། དེར་བརྟེན་ཐ་སྙད་ཅེས་པ་ནི་ཚིག་སྦྱོར་འགྲུབ་བྱེད་ཀྱི་སྐད་ཆའི་སྡེ་ཚན་ཆུང་ཤོས་ཀྱི་མིང་ཡིན་པ་དང་། རྒྱ་ཡིག་དང་བོད་ཡིག་གི་ནང་དུ་གོ་དོན་གཅིག་ལས་མེད་པའི་ཐ་སྙད་མང་པོ་ཞིག་མེད། གོ་དོན་གཉིས་སམ་གཉིས་ཡན་གྱི་དོན་མང་ཐ་སྙད་དེ་སྐད་ཆའི་སྡེ་ཚན་ནང་ནས་གྲངས་ཀ་མང་པོ་ཞིག་ཟིན་ཡོད་པ་རེད། ཡིག་སྒྱུར་བྱེད་སྐབས། ཐོག་མར་འཕྲད་པའི་གནད་དོན་ནི་དོན་མང་ཐ་སྙད་དེ་ཚིག་སྦྱོར་ག་གེ་མོ་ཞིག་གི་ནང་ནས་ཇི་ལྟར་གོ་དོན་དངོས་གཏན་འཁེལ་བྱ་རྒྱུ་དེ་རེད།
གོང་གསལ་རྒྱ་ཡིག་ཏུ་“地下”ཞེས་པ་དེ་ས་འོག་གི་དོན་ཡིན་པ་སྨོས་མ་དགོས་ཀྱང་། སྐབས་འགར་“གསང་བ་”དང་“ས་ཐོག་”གི་དོན་སྟོན་པ་དང་། ཡང་དཔེར་ན་རྒྱ་ཡིག་ཏུ་“东西”ཟེར་བའི་ཚིག་གཅིག་ལས་དེས་བོད་སྐད་དུ་རིག་གནས་སྒྱུ་རྩལ་དང་། ཕྱོགས་དང་། བཟའ་བཅའ་སོགས་ཀྱི་དོན་སྟོན་པ་རེད།
གཉིས། ཐ་སྙད་ཀྱི་སྡེབ་སྒྲིག་བྱ་ཚུལ།
ཐ་སྙད་དུ་མ་འདུས་པ་ལས་ཚིག་གི་སྦྱོར་བ་གཏན་ཕབ་རང་འགྲིག་བྱ་དགོས་པ་མ་གཏོགས་འདོད་མོས་ལྟར་བརྗེ་རེས་བྱ་ཆོག་པ་ཞིག་མིན། རྒྱ་བོད་སྐད་གཉིས་ལས་ཐ་སྙད་ཀྱི་སྡེབ་སྒྲིག་ནུས་པ་མཐུན་པ་ཞིག་མ་རེད། ཐ་སྙད་འགའ་རེ་རྒྱ་ཡིག་ནང་དུ་སྡེབ་སྒྲིག་བྱ་ཆོག་པ་དང་། ཡིན་ནའང་བོད་ཡིག་གི་ནང་དུ་སྡེབ་སྒྲིག་བྱ་མི་རུང་། དེ་བས་ཡང་དག་པའི་སྒོ་ནས་སྡེབ་སྒྲིག་བྱེད་པའི་གནད་དོན་དེ་ཐོག་མའི་མ་ཡིག་གི་བརྗོད་དོན་ངོ་མ་དེ་གསལ་རྟོགས་བྱེད་པའི་ཕྱོགས་དེ་གཙོ་བོ་ཡིན།
རྒྱ་ཡིག་གི་བྱ་ཚིག་གཅིག་གིས་དོན་མང་པོ་བསྟན་ནུས་པ་དཔེར་ན།
“开”ཞེས་པ་ལྟ་བུས་མིང་གཞན་དུ་མ་སྦྱར་ནས་ཚིག་དོན་མི་གཅིག་པ་བསྟན་པ་སྟེ། རྒྱ་ཡིག་གི་བྱ་ཚིག་“开”དང་བོད་ཡིག་གི་བྱ་ཚིག་“འབྱེད་”གཉིས་ནང་དོན་ཕལ་ཆེར་མཚུངས་པས། སྐབས་རེར་གནས་ཚུལ་དེ་འདྲའི་འོག་སྡེབ་སྒྲིག་བྱེད་པ་དེའང་དོ་མཉམ་པ་ཞིག་རེད།
དཔེར་ན།
开门 སྒོ་འབྱེད་པ། 开幕 ཡོལ་བ་འབྱེད་པ།
开窍 བློ་སྒོ་འབྱེད་པ། 开矿 གཏེར་ཁ་འབྱེད་པ།
འོན་ཀྱང་སྐབས་མང་པོ་ཞིག་ལ་རྒྱ་ཡིག་“开”སྡེབ་སྒྲིག་གི་ཐ་སྙད་དེ་བོད་ཡིག་ཏུ་སྒྱུར་སྐབས་“འབྱེད་”བྱས་ནས་སྡེབ་སྒྲིག་བྱ་མི་རུང་བ་དང་། ངེས་པར་དུ་བྱ་ཚིག་“འབྱེད་”དེ་བྱ་ཚིག་གཞན་པ་ཞིག་གིས་ཚབ་བྱ་དགོས་པ་རེད། དཔེར་ན།
开国 རྒྱལ་ཁབ་དབུས་བརྙེས་པ། 开工 ལས་འགོ་ཚུགས་པ།
开荒 ས་རྒོད་སློག་པ། 开票 འཛིན་ཡིག་འབྲི་བ།
开山 རི་གཤག་པ། 开春 དཔྱིད་ཀ་ཤར་བ།
开渠 ཡུར་དུ་བཟོ་བ།
འདི་ལྟར་རྒྱ་ཡིག་དང་བོད་ཡིག་ནང་ཐ་སྙད་སྡེབ་སྒྲིག་གི་འབྲེལ་བ་མི་མཚུངས་པའི་གནས་ཚུལ་རྒྱུན་དུ་འཕྲད་པ་ཡིན། གནད་དོན་འདི་ཐག་གཅོད་བྱ་སྐབས་སྤྱིར་བཏང་མ་ཡིག་གི་དོན་ཟབ་མོ་དེར་གོ་བ་ལོན་པའི་རྨང་གཞིའི་ཐོག་མ་ཡིག་ནང་གི་ཐ་སྙད་གཅིག་གཙོ་བོར་འཛིན་པ་དེ། འོས་ཤིང་འཚམས་པའི་ཐ་སྙད་གཞན་ཞིག་བཙལ་ནས་ཚབ་ཏུ་འཇོག་དགོས་པར་མ་ཟད། གཞན་ད་དུང་སྒྱུར་ཡིག་གི་གོམས་སྲོལ་དེ་དང་མཐུན་པར་བྱེད་པ་ནི་ཤིན་ཏུ་གལ་ཆེ་བར་འདོད་དོ།།