སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ།

    མི་དམངས་དྲ་བ་ནས་དྲངས།    2024-05-28

འདི་ག་ཚགས་པར་གྱི་གསར་འགོད་པ། ཧོ་ཡུང་། ཝང་མེ།
   ཟླ་5ཚེས་24ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”རིམ་སྤེལ་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས“བློ་བརྟན་འགྱུར་མེད་ངང‘ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག’སྲུང་མཁན་བྱས་ཏེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་སྐྱོད་པར”དམིགས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་ཐེངས་གཉིས་གནང་བར་ཕེབས་པ་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ཞུགས་ཏེ། “གཙང་གསུམ་ཆུ་འགོར་སྲུང་སྐྱོང་ཡག་པོ་བྱེད་པ་དང‘ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག’སྲུང་སྐྱོང་ཡག་པོ་བྱས་ནས‘དལ་འབབ་ཆུ་གཙང་ཤར་དུ་རྒྱུག་པའི’འགན་ལེན་བྱེད་དགོས” “མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་ལ་ཡོད་པ་དང་། འགན་འཁྲི་ཆེ་ཤོས་སྐྱེ་ཁམས་ལ་ཡོད་པ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་ཡོད”“འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱེད་པར་མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་གནས་བབ་དང་། རྒྱལ་ཁབ་ས་ཆའི་བདེ་འཇགས་ཀྱི་གནས་བབ། ཐོན་ཁུངས་དང་ནུས་རྒྱུའི་བདེ་འཇགས་ཀྱི་གནས་བབ་བཅས་དེ་བས་གལ་འགངས་ཆེ་བར་གྱུར་ཡོད”ཅེས་ནན་བཤད་གནང་ནས་མཚོ་སྔོན་གྱིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་སྐུལ་ལྕག་གནང་བ་རེད། མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས། ང་ཚོས་མངགས་བཅོལ་བློ་ལ་བརྟན་པོར་འཆང་བ་དང་དྲིན་ཚོར་བཞིན་མདུན་སྐྱོད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་གནང་བའི་འཆར་གཞི་ལྟར་འབད་འཐབ་ཆེན་པོས་མདུན་སྐྱོད་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་གོམ་སྟབས་གསར་པ་སྤོ་བ་དང་རྣམ་པ་གསར་པ་བཏོད་ཡོད་ཅེས་བརྗོད་པ་རེད།
   ནུས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་ནས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”དེ་བས་སྲ་བརྟན་དང་ཕུན་སུམ་ཚོགས་པོར་གྱུར་བ།
    ཝུའུ་ཞའོ་ཅུན་གྱིས། མཚོ་སྔོན་གྱིས་ལོ་ལྟར་ཆུ་བོའི་སྨད་རྒྱུད་དུ་ཆུ་འགོའི་རྒྱུག་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600ནས་900བར་གཏོང་གི་ཡོད། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་མཁན་གྱི་འགན་འཁྲི་ལྕི་པོ་མཐའ་གཅིག་ཏུ་ཁུར་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དེ་རང་རྒྱལ་གྱི་ཁག་དང་པོའི་སྤྱི་གླིང་འཛུགས་པ་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་དུ་གྱུར་བ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད། ད་ཆ་གཙང་གསུམ་ཆུ་འགོར་མཚེའུ་སྟོང་གི་མཛེས་ལྗོངས་བསྐྱར་དུ་མངོན་ནས། གཙོད་ཁྲི་7ལྷག་ཙམ་བར་མང་དུ་ཕྱིན་པ་དང་། གསའ་1200ལྷག་ཙམ་ལྟ་ཞིབ་ཚད་ལེན་ཐུབ་པ། མཚོ་སྔོན་པོའི་འདབ་ཆགས་སྣ་ཚོགས་ཀྱི་གྲངས་འབོར་ཁྲི་60ལྷག་ཙམ་ཟིན་པ། མཚོ་སྔོན་པོའི་ཙོང་ཉ་ཏུན་ཁྲི་12ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད་ཅེས་ངོ་སྤྲོད་བྱས།
   མཚོ་སྔོན་གྱིས་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་རྒྱུན་མཐུད་ངང་མཐོ་རུ་བཏང་བ་དེ“འཕར་བ་གཅིག་དང་། ཉུང་འཕྲི་གཉིས། ལེགས་པ་གསུམ”བཅས་ལས་མངོན་གསལ་དོད་པོས་མངོན་ཡོད། “འཕར་བ་གཅིག”ནི་ལྗང་མདོག་ཐོན་ཁུངས་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་སོང་ནས་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་58.12%ཟིན་པ་དེ་ཡིན་པ་དང་།
   “ཉུང་འཕྲི་གཉིས”ནི་ཐང་རྒོད་ཅན་དང་བྱེ་ཐང་ཅན་གྱི་ས་ཆའི་རྒྱ་ཁྱོན་རྒྱུན་མཐུད་ངང་ཉུང་དུ་གཏོང་བ་དེ་ཡིན་པ། “ལེགས་པ་གསུམ”ནི་རླུང་ཁམས་དང་། ཆུ། ས་རྒྱུ་བཅས་ཀྱི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ལེགས་པ་དེ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་96%ཡན་མུ་མཐུད་རྒྱུན་འཁྱོངས་ཐུབ་ཅིང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཞིང་ཆེན་གྱི་ས་ཁོངས་ནས་ཐོན་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགས་Ⅱདང་དེ་ཡན་རྒྱུན་འཁྱོངས་ཐུབ་སྟེ“དྭངས་གཙང་ཆུ་མོ་ཤར་དུ་རྒྱུག་པའི”འགན་ལེན་བྱས་ཡོད།
   མཚོ་སྔོན་གྱིས་སྐྱེ་ཁམས་བདག་སྐྱོང་པའི་སྤྱི་ཕན་ལས་གནས་བཙུགས་པར་འབྲོག་པ་ཁྲི་14.6བདག་སྐྱོང་པར་གྱུར་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཁེ་འབབ་ལོངས་སྤྱོད་ཐུབ་ཡོད།
    ནུས་ཤུགས་གཅིག་སྒྲིལ་གྱིས་ལྗང་མདོག་ཐཱན་ཉུང་ཐོན་ལས་མ་ལག་བསྐྲུན་ཏེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ།
    ཝུའུ་ཞའོ་ཅུན་གྱིས། མཚོ་སྔོན་གྱིས་ས་མཐོའི་ཐོན་ཁུངས་དང་ནུས་རྒྱུའི་ཁྱད་ཆོས་དང་ལེགས་ཆར་གཞི་ཚུགས་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་བཏོད་ཡོད་ཅེས་ངོ་སྤྲོད་བྱས།
    རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་རྒྱུའི་ཐད། མཚོ་སྔོན་གྱིས་འཆར་འགོད་དང་། སྲིད་ཇུས། རྟེན་གཞི། རྣམ་གྲངས། ཁེ་ལས་བཅས་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཡོད། 2023ལོར་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཆན་ཝ་ཁྲི་5100ལས་བརྒལ་ནས་གློག་འདོན་ཚད་བསྡོམས་འབོར་གྱི་93%བཟུང་ཡོད། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ལྗང་མདོག་གློག་གི་བགྲོད་ལམ་ཆེན་པོ་ཐོག་མ་བསྐྲུན་ནས། ཞིང་ཆེན་15ལ་ལྗང་མདོག་གློག་རྒྱུན་ཆད་མེད་པར་གཏོང་བཞིན་ཡོད།
    རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུའི་ཐད། མཚོ་སྔོན་གྱིས་ཟི་ལིང་ལྟེ་བར་བྱེད་པ་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་ཁུལ་འཁོར་རྒྱར་བྱེད་པ། ཤར་ལྷོ་ནུབ་བྱང་གི་རྒྱུད་མང་པོ་བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ནུས་ཤུགས་ཡོད་རྒུས་བཏོད་ཡོད།
    ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི་ཐད། མཚོ་སྔོན་གྱིས་མཚོ་བོད་ས་མཐོའི་ས་ཁམས་སྐྱེ་ཁམས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སྐྱེ་ལྡན་ལྟ་ཞིབ་ཚད་ལེན་གྱི་བདེན་དཔང་ར་སྤྲོད་བྱས་པའི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་དུང་ཕྱུར་1.5ལྷག་ཙམ་ཟིན་པ་དང་། ནོར་ལུག་ཁྲི་800ལྷག་ཙམ་གྱི་ཐོན་ཡུལ་ཁུངས་འདེད་ཐུབ་པ། ཉ་སལ་མོན་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་40%ཙམ་བཟུང་ཡོད།
    ནུས་ཤུགས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་སྐྲུན་པར་ཤུགས་བརྒྱབ་ནས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་བ།
    མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས། མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ནས“རྟ་ཐོག་གི་སྒྲོག་འགྲེལ་ཚོགས་པ”སོགས་ཀྱི་རྣམ་པ་བརྒྱུད། ཏང་གི་དམངས་ཕན་སྲིད་ཇུས་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་གསལ་བཤད་བྱས་ཡོད། མི་རིགས་ཁག་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྐྱིད་བཅས་ཀྱི་སྡེ་ཁུལ་གྱི“སེ་འབྲུའི་རྡོག་པོའི་ཁྱིམ་གཞིས”388བཏོད་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། སྤུན་ཉེ་འཆམ་མཐུན། ཕན་ཚུན་ལྟ་སྐྱོང་བཅས་བྱས་ཡོད། ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་འཕེལ་རྒྱས་ཀྱི་ལམ་བུ་ཡང་དག་འཚོལ་བ་དང་ཐོན་ལས་ཀྱི་ལས་དོན་ཡག་པོར་བསྒྲུབས་ནས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། ཞིང་ཆེན་ཡོངས་ཀྱི་རང་སྐྱོང་ཀྲོའུ་6གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2012ལོ་ལས་ལྡབ་གཅིག་འཕར་ཡོད་ཅེས་ངོ་སྤྲོད་བྱས།
   “ང་ཚོས་ནུས་ཤུགས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་བསྐྲུན་ནས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ཡོད། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་འཚོར་སྤྱོད་པའི་ནོར་སྲིད་གཏོང་སྒོ་75%ཡན་རྒྱུན་འཁྱོངས་བྱས་ཏེ། དམངས་ཕན་སྲིད་ཇུས་དང་བྱེད་ཐབས་ཀྱི་རྣམ་གྲངས་འབོར་ཆེན་དོན་འཁྱོལ་ནུས་ལྡན་བྱས་པར་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད” ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་གྱི་གྲོང་ཁྱེར་དང་ཀྲོའུ་ཡོངས་དང་རྫོང་93%ཚང་མ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ལ་བསྐྲུན་ཟིན་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱིས་ཕན་ཚུན་ལྟ་སྐྱོང་དང་འཆམ་མཐུན་མཉམ་གནས་བྱས་ཏེ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་སྐྲུན་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

  • ལེ་ཚན་སྔོན་མ།:ཕག་གི་མཆིན་པ་མི་ལ་སྤོ་འཛུགས་ལེགས་གྲུབ་བྱུང་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།