ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་མུ་མཐུད་སྣོན་དགོས།

        2024-05-23

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་10པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་མུ་མཐུད་སྣོན་དགོས》ཞེས་པ་སྤེལ་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2012ལོའི་ཟླ་12པ་ནས་2024ལོའི་ཟླ་3པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བསྡུས་ཤིག་རེད།
   རྩོམ་ཡིག་ནང་ནན་བཤད་བྱས་དོན། སྒྱུར་བཅོས་སྒོ་དབྱེ་ནི་དེང་སྐབས་ཀྲུང་གོས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེགས་པར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགག་རྩའི་བྱེད་ཐབས་ཤིག་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད། ལོ་འདི་དག་གི་སྒྱུར་བཅོས་ལས་དོན་ལ་ཕྱིར་མིག་ལྟ་སྐབས། ང་ཚོས་བཏོན་པའི་གསར་གཏོད་རིགས་པའི་གཞུང་ལུགས་རབ་དང་རིམ་པ་དང་། སྤྱད་པའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ། ཐོབ་པའི་ཚད་བརྒལ་གལ་ཆེན་རབ་དང་རིམ་པ་བཅས་ཚང་མ་ནི་གསར་བརྗེའི་རང་བཞིན་ཞིག་ཡིན་པ་མ་ཟད། སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་བཏོད་ཡོད།
   རྩོམ་ཡིག་ནང་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར། ངེས་པར་དུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་ཐོན་སྐྱེད་འབྲེལ་བ་ལེགས་སྒྲིག་བྱ་རྒྱུ་དང་རྒྱུན་ཆད་མེད་པར་འཚམ་པར་བྱེད་པ་དང་དཔལ་འབྱོར་གྱི་རྨང་གཞི་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་གཏོང་བའི་སྟེང་གི་བཀོད་པ་དང་རྒྱུན་ཆད་མེད་པར་འཚམ་པར་བྱེད་དགོས། ང་ཚོས་བཏོན་པའི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དེ་ནི་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་གཞི་རྩའི་འགལ་བའི་ལས་འགུལ་གྱི་འགྱུར་ལྡོག་དང་བསྟུན་ནས་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་འཚམ་པ་བྱ་རྒྱུ་དེ་ཡིན། སྒྱུར་བཅོས་སྒོ་དབྱེ་ནམ་ཡང་ཚར་དུས་མེད། སྒྱུར་བཅོས་སྒོ་དབྱེར་ཡང་ཁ་ཕྱོགས་དང་། ལངས་ཕྱོགས རྩ་དོན་བཅས་ཡོད། ང་ཚོའི་ཁ་ཕྱོགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་དང་དུས་བབ་བརྟན་ལྷིང་དང་། དུས་བབ་དང་བསྟུན་པ། རྣམ་པ་གསར་པ་གཏོད་པ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ནས་ཁ་ཕྱོགས་སྟངས་འཛིན་དང་། གཞུང་འཁྱོངས་གསར་འབྱེད། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་རྒྱང་ལམ་གསར་པར་སྒྱུར་བཅོས་སྒོ་དབྱེའི་ལེའུ་གསར་པ་རྩོམ་དགོས།
   རྩོམ་ཡིག་ནང་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་སྔར་བས་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་དགོས་ལ། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་སྟོབས་ཆེར་གཏོང་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྒྱུར་བཅོས་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་དེ་ནི། ཏང་ཀྲུང་དབྱང་གིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཐད་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་ནས། འཐབ་ཇུས་རང་བཞིན་དང་། གསར་གཏོད་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་སྒྱུར་བཅོས་ཁག་གཅིག་བཏོན་པ་དང་སྒྱུར་བཅོས་མ་ལག་གཅིག་སྡུད་དང་མཉམ་དུ་ལས་ཆོད་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ལ་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཇུས་འགོད་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་མུ་མཐུད་སྣོན་དགོས། གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་དུ་བཏང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་ཚོད་འཛིན་བཟོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགོག་རྐྱེན་བཟོ་བའི་གནད་དོན་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་དཀའ་གནད་ཀྱི་གནད་དོན། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་འགོག་རྐྱེན་བཟོ་བའི་གནད་དོན་བཅས་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཉེན་ཁ་གལ་ཆེན་འགོག་ཟོན་དང་བསལ་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྒུལ་ཤུགས་དང་གསོན་ཤུགས་སྣོན་དགོས།

  • ལེ་ཚན་སྔོན་མ།:ཧི་མ་ལ་ཡའི་རིག་མཛོད་ཁང་གི་བོད་ཡིག་དཔེ་ཚོགས་འདི་དཔེ་སྐྲུན་ཐེབས་རྩའི་ཕུལ་བྱུང་རྣམ་གྲངས་སུ་ཚུད།
  • ལེ་ཚན་རྗེས་མ།:《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གཅེས་བཏུས》
  • དོ་སྣང་ཆེ་བའི་རྩོམ།