བསམ་བློ་ཆབ་སྲིད་སློབ་ཚན་ཡག་པོ་འཚོགས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་ འགན་དོན་འཁྱོལ་བྱས་པ། —— ཉེ་བའི་ལོ་ཤས་རིང་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ།

    མི་དམངས་དྲ་བ་ནས་དྲངས།    2024-05-14

 ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།
   ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་ཀྱི་སློབ་གསོའི་འཐབ་ཕྱོགས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་གཏིང་ཟབ་བྱས་ནས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཞི་གཅིག་ཅན་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་བས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་ཀྱི་དམིགས་སའི་རང་བཞིན་དང་ཡིད་དབང་འགུག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཏང་ཆེད་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཆེད་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།
   བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ།
    དོན་ཟབ་ལ་གོ་སླ་བའི་སློབ་ཁྲིད་དང་རྣམ་པ་འཁྲུག་ཆ་དོད་པའི་སློབ་ཚན་སོགས་2024ལོའི་དཔྱིད་དུས་སློབ་དུས་སུ་རྒྱལ་ཡོངས་ཀྱི་མཐོ་སློབ་200ལྷག་ཙམ་གྱི་སློབ་མ་ཁྲི་100ལྷག་ཙམ“སྤྲིན་ཚོམ”དུ་འཛོམས་ནས་ཆིང་ཧྭ་སློབ་ཆེན་གྱི“དུས་བབ་དང་སྲིད་ཇུས”ཀྱི་སློབ་ཚན་ནང་ཞུགས་ཡོད་པ་རེད།
    སློབ་ཚན་ཐོག་ཡོན་ཧྲི་དང་མཁས་དབང་གྲགས་ཅན་མང་པོ་ཞིག་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན”ལ་དམིགས་ཏེ་སློབ་མ་དང་སྤེལ་རེས་བྱས་པ་དང་། སློབ་མ་མི་ཉུང་བ་ཞིག་གིས“སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་པོ་འདུག” “སློབ་སྦྱོང་གི་ཁྱབ་རྒྱ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་འདུག” “འདི་ནི་བསམ་བློ་ཆབ་སྲིད་སློབ་ཚན་ལ་ལྡན་དགོས་པའི་རྣམ་པ་ཞིག་རེད”ཅེས་བཤད་པ་རེད།
   འདི་ནི་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་ཏང་གིས་བསམ་བློ་ཆབ་སྲིད་སློབ་ཚན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད། དུས་སྐབས་ཤིག་རིང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོའི་འོག་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སྲིད་ཇུས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་འཛུགས་སྐྲུན་གྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།
   ཕྱོགས་གཅིག་ནས་སློབ་གསོའི་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལམ་ལུགས་ཀྱི་ཡིག་ཆ་དང་འཆར་འགོད་ཇུས་གཞི་རབ་དང་རིམ་པ་བཏོན་པ་དང་རྒྱལ་ཡོངས་སློབ་གསོའི་ཁོངས་གཏོགས་ཀྱིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་བྱེད་པ་དེ་སློབ་གྲྭའི་ཏང་འཛུགས་སྐྱོང་གི་ལས་དོན་དཔྱད་ཞིབ་དང་། སློབ་གཉེར་སྤུས་ཚད། རིག་ཚན་འཛུགས་སྐྱོང་བཅས་ཀྱི་གལ་ཆེའི་དཔྱད་དཔོག་དམིགས་ཚད་དུ་བརྩིས་ཡོད། ཕྱོགས་གཞན་ཞིག་ནས་མཐོ་སློབ་ཀྱིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་ཡོངས་ཁྱབ་ངང་བཙུགས་པ་དང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སློབ་སྤྱིས་འགན་འཁྲི་ཨང་དང་པོའི་འགན་འཁྲི་ནན་ཏན་བསྒྲུབས་ཡོད་པ་རེད།
   གཞན་ཡང་སློབ་གསོ་པུའུ་ཡིས་ད་དུང་འོས་འགན་སློབ་གསོ་དང་། མཐོ་རིམ་སློབ་འབྲིང་། འབྲིང་རིམ་ལས་རིགས་བཅས་ཀྱི་སློབ་ཚན་ཇུས་གཞི་དང་ཚད་གཞིར་ཕྱོགས་ཡོངས་ནས་བཟོ་བཅོས་བརྒྱབ་སྟེ“ཀུན་སྤྱོད་དང་ཁྲིམས་སྐྱོང”དང“བསམ་བློ་ཆབ་སྲིད”སློབ་ཚན་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། རྩ་བ་གསོ་ཞིང་བློ་སྦྱོང་དང་བློ་འབྱེད་རིག་འཕེལ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་གཅིག་གྱུར་རྩོམ་སྒྲིག་སློབ་གཞི་མུ་མཐུད་རྩོམ་སྒྲིག་དང་བཟོ་བཅོས་བརྒྱབ་ཡོད་པ་རེད།
   བསམ་བློ་ཆབ་སྲིད་སློབ་ཚན་གྱི་གསར་གཏོད་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།
   ཉེ་བའི་ལོ་ཤས་རིང་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱས་པས། ཡར་ཐོན་ལེགས་འཕེལ་གྱི་རྣམ་པ་མངོན་པ་དང་། བསམ་བློ་ཆབ་སྲིད་སློབ་ཚན་གྱིས་མི་སྐྱོང་བའི་གསོན་ཤུགས་གང་ལེགས་མངོན་པར་བྱས་པ་རེད།
   སློབ་གསོ་པུའུ་དང་དེ་བཞིན་ཞིང་ཆེན་རིམ་པ་ཁག་གིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་གཞི་གཅིག་ཅན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་བཙུགས་ནས་སློབ་ཚན་ཁག་གི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་འབྲེལ་མཐུད་དང་། མཐུན་སྦྱོར། མཉམ་འགུལ་བཅས་ལ་སྐུལ་འདེད་བཏང་ནས་མཛུབ་ཁྲིད་དང་། བློ་འདྲི། དཔེ་སྟོན། གསོ་སྦྱོང་སོགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་རེད།
   འབྲེལ་ཡོད་སྡེ་ཚན་གྱིས“བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོ”འཛུགས་སྐྱོང་ལས་དོན་ཇུས་གཞི་བཀྲམ་ནས་རིམ་ཁག་ལག་ལེན་སློབ་ཁྲིད་རྟེན་གཞི་2500ལྷག་ཙམ་བཙུགས་ཏེ“ཁང་ནང་གི་བསམ་བློ་ཆབ་སྲིད་སློབ་ཚན”འཚོགས་ཡོད་པ་རེད།
   ཧུའུ་ནན་གྱི“ང་ཧྲའོ་ཧྲན་དུ་སྐྱོད་པ”དང་ཉིང་ཞའི་ཀུའུ་ཡོན་གྱི“སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ”སོགས“བསམ་བློ་ཆབ་སྲིད་སློབ་ཚན”ལ་གདེང་འཇོག་བཟང་པོ་ཐོབ་ནས། སློབ་གྲྭ་ཆེ་མོ་བའི་གསར་གཏོད་ལག་ལེན་ཚོགས་པ་ཁྲི་274དང་མི་ཁྲི་1233“གཞོན་ནུའི་གསར་བརྗེའི་ཕུགས་འདུན་འགྲུབ་པའི་ཡུལ་སྐོར”ནང་ཞུགས་པ་རེད།
   རྣམ་པ་སྣ་ཚོགས་དང་ནང་དོན་གསོན་ཉམས་དོད་པའི་བསམ་བློ་ཆབ་སྲིད་སློབ་ཚན་གྱིས་རྒྱུན་ཆད་མེད་པར་སློབ་མ་ཚོ་འཚར་ལོངས་དང་ཤེས་ལྡན་པ་ཞིག་ཏུ་འགྱུར་བར་བསམ་བློའི་རྨང་གཞི་བཏིང་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་མི་དམངས་ཁྲོད་རྩ་བ་ཚུགས་པ་དང་། རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་བ། དུས་རབས་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་འཁུར་བའི་རང་རྟོགས་སྔར་བས་ཆེ་རུ་སོང་ཡོད།
   བསམ་བློ་ཆབ་སྲིད་སློབ་ཚན་གྱི་དཔུང་ཁག་གི་རྣམ་པ་གསར་རྐྱང་དུ་གྱུར་པ།
   ཉེ་བའི་ལོ་ཤས་རིང་བསམ་བློ་ཆབ་སྲིད་སློབ་ཚན་གྱི་མཉམ་སྡེབ་སློབ་ཚན་གྲ་སྒྲིག་ཚོགས་འདུ་དང་། རྐང་འཛིན་དགེ་རྒན་གྱི་ཞིབ་སྦྱོང་འཛིན་གྲྭ རྒྱལ་ཡོངས་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་བརྒྱུད་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གསོ་སྦྱོང་རྒྱུན་རྣམ་ཅན་དང་། སྤྱི་ཡོངས་ལ་ཁྱབ་པ། ཚོགས་རིགས་རྣམ་པ་བཅས་མངོན་འགྱུར་བྱུང་ཡོད། དབུས་ནུབ་རྒྱུད་ཀྱི་ས་ཁུལ་གྱིས་འགྲན་བསྡུར་ལ་བརྟེན་ནས་སློབ་ཁྲིད་ལ་སྐུལ་འདེད་དང་། འགྲན་བསྡུར་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད། འགྲན་བསྡུར་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་བཅས་བཏང་སྟེ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གྱི་ལས་སྒོའི་འཇོན་ཐང་དང་མི་གསོ་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བར་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་ཡོད། མཐོ་སློབ་ཏུ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་རིག་ཚན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་དངོས་གཞིའི་ཚན་ཁག་དང་། རབ་འབྱམས་པ། འབུམ་རམས་པ་བཅས་གཞི་གཅིག་ཅན་གྱི་ཤེས་ལྡན་པ་གསོ་སྐྱོང་གི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད།
   ཉེ་བའི་ལོ་ཤས་རིང་། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གྱི་དཔུང་ཁག་ཏུ་འགན་འཁྲི་ལྕི་པོ་འཁུར་མཁན་གྱི་སྣེ་ཁྲིད་དགེ་རྒན་དང་། ནུས་རྩལ་གཟེངས་སུ་ཐོན་པའི་དགེ་རྒན་གསར་པ། ཧ་ཅང་དགའ་པོ་བྱེད་པའི་དྲ་ཐོག་མིང་ཅན་དགེ་རྒན་དང་དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་དང་རིམས་ནད་འགོག་རྒོལ་སོགས་ཀྱི་ལས་དོན་ཁྲོད་མངོན་གསལ་དོད་པའི་སྔོན་ཐོན་དགེ་རྒན་རྒྱུན་ཆད་མེད་པར་ཐོན་ཡོད། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་སློབ་གསོར་དགའ་པོ་བྱེད་པ་དང་སློབ་ཁྲིད་བྱེད་མཁས་པའི་དཔུང་ཁག་དེས་རྒྱུན་ཆད་མེད་པར་འབད་འབུངས་མདུན་སྐྱོད་བྱས་ཏེ་གཞུང་འཁྱོངས་གསར་འབྱེད་ཁྲོད་རང་རྟོན་རང་དར་གྱི་དུས་རབས་ཀྱི་ཉམས་འགྱུར་མངོན་གང་ཐུབ་བྱེད་བཞིན་ཡོད།

  • ལེ་ཚན་སྔོན་མ།:ཕོ་བྲང་པོ་ཏ་ལའི་རིག་དངོས101འགྲེམས་སྟོན་བྱས་འདུག
  • ལེ་ཚན་རྗེས་མ།:མང་ཚོགས་ཀྱིས་བཅོལ་དངུལ་ཤུལ་འཛིན་བྱེད་སྟངས་དེ་བས་སྟབས་བདེ་རུ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།