2024-05-10
ཆིན་ཞའོ་ཆང་ནི་དབྱིས་རིགས་ཀྱི་མི་ཡིན་ཞིང་། སྤྱི་ལོ1995ལོའི་ཟླ་བ6པར་ལྕགས་ཟམ་རྫོང་དུ་སྐྱེས། 2018ལོའི་ཟླ་བ6པར་སྤྱི་བདེའི་ལས་གནས་སུ་ཞུགས། ད་ལྟ་དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཁྱད་ལྡན་ཉེན་རྟོག་ཡན་ལག་རུ་ཁག་གི་ཉེན་རྟོག་འགོ་གཙོ་རིམ་པ་བཞི་པའི་འགན་བཞེས་བཞིན་ཡོད། 2022ལོའི་ཟླ་བ་དགུ་པའི་ཚེས་ལྔ་ཉིན་ལ་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་བའི་ཁྲོད་དུ་ཁོང་གི་མི་ཁྲི་སྟོང་མང་པོར་སེམས་འགུལ་ཐེབས་སུ་བཅུག་ཡོད་པས། སྔ་ཕྱིར2022ལོའི་རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་མི་སྣ་དང་། “དགུ་ལྔ”ལྕགས་ཟམ་ས་འགུལ་གྱི་དཔའ་བོ་ཚོགས་པ་ལས་ཆེད་དུ་གུས་པར་ཞུ་བའི་མི་སྣ། ཞིང་ཆེན་ཡོངས་ཀྱི་གཞི་རིམ་མི་དམངས་ཉེན་རྟོག་པ་ཆེས་བཟང་པོ། སི་ཁྲོན་གྱི་མི་བཟང་བཅས་ཀྱི་མཚན་སྙན་ཐོབ་ཡོད་པར་མ་ཟད། 2023ལོར་ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་སུ་དཔལ་འབར་འཁུར་མཁན་ཡིན་པ་རེད།
ས་ཡི་འཇིགས་པ་འབྱུང་བའི་དུས།། ཉེན་ཁར་མི་སྐྲག་གདོང་གཏད་བྱས།།
ཆིན་ཞའོ་ཆང་ཆུང་དུས་ཀྱི་ཕུགས་བསམ་ནི་མི་དམངས་ཉེན་རྟོག་པ་ཞིག་བྱ་རྒྱུ་དེ་ཡིན་པས། 2018ལོར་སི་ཁྲོན་དགེ་འོས་སློབ་ཆེན་ནས་མཐར་ཕྱིན་རྗེས། དགའ་ཞེན་ཚད་མེད་དང་ལུས་སེམས་ཀྱི་བྱང་ཚད་སོགས་གང་ཅིའི་ཐད་ནས་གཞན་ལས་ཁྱད་དུ་འཕགས་པའི་དབང་གིས་དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཁྱད་ལྡན་ཉེན་རྟོག་ཡན་ལག་རུ་ཁག་ཏུ་རྒྱུགས་འཕྲོད་དེ་མིང་དུ་གྲགས་པའི“གངས་སྤྱང་”རུ་ཁག་གི་རུ་མི་ཞིག་ཏུ་གྱུར། དེ་ནས་སྤྱི་རྒྱ200ཡོད་པའི་འཁོར་ལོ་འགྲེས་ཤིང་བསློགས་པ་དང་ལྗིད་ཁུར་སྤྱི་ལེ10ཡི་བྱེས་སུ་འགྲན་རྒྱུག་སོགས་ནམ་རྒྱུན་གྱི་བཀག་སྡོམ་སྦྱོང་བརྡར་ཁྲོད་སྔ་ལངས་ཕྱི་ཉལ་དང་ངལ་བ་ཁྱད་དུ་བསད་པར་བརྟེན། ལུས་སེམས་གཉིས་ཆར་སྦྱོང་བརྡར་ཆེན་པོ་ཐེབས་ཡོད། ཁོ་རང་སྔ་ཕྱིར་འབྲི་ཆུ་དཔལ་དགེ་འཁྱིལ་མཚེའུ་ཡི་ཉེན་སེལ་དང་དར་མདོའི་རྒྱུ་ལའི་ཁ་ཆར་འགོག་པ་སོགས་འཚུབ་བསྟུན་མྱུར་སྐྱོབ་ཏུ་ཞུགས་ཤིང་གདོང་ལེན་པ་ཡང་ཡིན། 2022ལོའི་ཟླ་བ9པའི་ཚེས5ཉིན་ལ། ལྕགས་ཟམ་རྫོང་དུ་གློ་བུར་དུ་ས་འགུལ་རིམ་པ6.8བྱུང་ནས་འབོ་ཞབས་གྲོང་རྡལ་གྱི་ལམ་དང་གློག། བརྡ་འཕྲིན་བཅས་ཆད་ནས་ཕྱི་ཕྱོགས་དང་འབྲེལ་བ་མེད་པར་ལུས་པའི་ཚེ། ཆིང་ཞའོ་ཆང་དང་འཐབ་གྲོགས་ཚོ་བཀའ་འབྱོར་བ་དང་ཉེན་ཁར་གདོང་གཏད་དེ་འབོ་ཞབས་གྲོང་རྡལ་ལ་མྱུར་སྐྱོབ་ཏུ་བསྐྱོད། ས་འགུལ་ལྷག་འཕྲོ་ཡང་ཡང་བྱུང་ནའང་འདྲ། ཐོག་ནས་རྡོ་ལྷུང་ནའང་འདྲ། ཆར་ཆུས་རློན་ནའང་འདྲ། ཁོ་ཚོས་ཇི་མི་སྙམ་པར་ཞིག་རོའི་ཁྲོད་དུ་དུས་ཚོད་དང་འགྲན་རྒྱུགས་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་སྐྱོབ་པར་སྐད་ཅིག་ཀྱང་ལྷོད་གཡེང་དུ་བཏང་མེད། ཁོ་ཚོས་རྨས་མར་ལྕགས་རིགས་སོགས་སྔོག་བྱེད་ཡོ་བྱད་ཀྱིས་གནོད་པར་དོགས་ནས་ལག་པས་ས་རྡོ་བསློགས་ཏེ་ཆུ་ཚོད13རིང་ལ་འབད་རྩོལ་དྲག་པོ་བྱས་མཐར་ས་འོག་ཏུ་བཀབ་པའི་མང་ཚོགས3བསྐྱབས་ཐུབ་ཡོད།
ཕྱི་ཉིན་ཞོགས་པའི་ཆུ་ཚོད6པར་ཆིང་ཞའོ་ཆང་གིས་རང་གི་ཨ་ཕ་དང་ནུ་མོ་གཉིས་ས་འགུལ་ཁྲོད་དུ་ཚེ་ལས་འདས་པའི་གཏམ་ངན་ཐོས། སྐྱོ་སྡུག་ཚད་མེད་ཀྱིས་མནར་བའི་ཁྲོད་དུ་ཁོ་རང་ཁྱིམ་དུ་ལོག་ནས་ཁྱིམ་མིའི་འདས་མཆོད་མི་སྒྲུབ་ཀ་མེད་བྱུང་། སྐབས་དེར་སེམས་སྡུག་སྲིད་ན་བཟོད་དཀའ་བ་བྱུང་མོད། ཆིང་ཞའོ་ཆང་གིས་སྐྱོ་བའི་མིག་ཆུ་ཕྱིས་ཤིང་སྡུག་བསྔལ་སྒུལ་ཤུགས་སུ་བསྒྱུར་ཏེ་ཡང་བསྐྱར་མྱུར་སྐྱོབ་ཀྱི་ཡུལ་དངོས་སུ་ཚམ་ཚོམ་མེད་པར་བསྐྱོད། ཆིང་ཞའོ་ཆང་གིས་ངས་ཡང་བསྐྱར་སྡུག་དཀའ་ལས་གཅིག་བརྒྱབ་ན་ཁྱིམ་ཚང་གཅིག་སྐྱོབ་ཐུབ་ལ་ངའི་སྡུག་བསྔལ་དང་འདྲ་བ་གཅིག་སེལ་ཐུབ་ཅེས་བཤད། ཁོའི་ལུས་ཐོག་ནས་གངས་སྤྱང་ཉེན་རྟོག་པ་ཞིག་གི་དཔའ་རྒོད་མཚོན་ཐུབ་ལ་སི་ཁྲོན་སྤྱི་བདེའི་འགུལ་འགོག་གནོད་སེལ་གྱི་སྙིང་སྟོབས་ཀྱང་མངོན་ཡོད།
ཆིང་ཞའོ་ཆང་གི་བྱས་རྗེས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཧུང་དང་། སི་ཁྲོན་ཞིང་ཆེན་གྱི་ཞིང་དཔོན་གཞོན་པ་ཡེ་ཧན་པིང་སོགས་མགོ་ཁྲིད་ཀྱིས་གདེང་འཇོག་གང་ལེགས་གནང་ཡོད། ཁོའི་ངང་ཚུལ་ནི་མི་དམངས་ཉེན་རྟོག་པ་ཞིག་གི་ངང་ཚུལ་ཡིན་ལ་གནས་མཆོག་དཀར་མཛེས་ཁུལ་གྱི་གཞུང་ཞབས་པ་ཆེས་བཟང་པོའི་ངང་ཚུལ་ཡང་ཡིན། ཁོའི་རང་ཁྱིམ་ཆུང་ངུ་དོར་ནས་ཁྱིམ་ཚང་ཆེན་མོར་བསམ་པ་དང་བདེ་སྡུག་མཉམ་བརྗེའི་སྙིང་སྟོབས་དེ་ནི་མུན་པའི་ཁྲོད་ཀྱི་སྒྲོན་མེ་དང་འདྲ་བར་གངས་ལྗོངས་མཐོ་སྒང་དུ་མདུན་སྐྱོད་ཀྱི་ལམ་བུ་གསལ་བཞིན་མཆིས།
གནོད་རྗེས་བསྐྱར་འཛུགས་ལས་ལ་ཞུགས།། ཕ་ཡུལ་སྲུང་བའི་དམ་བཅའ་བརྟན།།
ས་འགུལ་བྱུང་བ་ནས་ད་བར། ཆིང་ཞའོ་ཆང་གིས་འབོ་ཞབས་གྲོང་རྡལ་དུ་ལས་གནས་བརྟན་དུ་བསྲུངས་ཡོད། འགུལ་འགོག་གནོད་སེལ་གྱི་ལས་དོན་རྫོགས་རྗེས་ཁོས་མ་སྐུལ་དང་ལེན་ངང་མགོ་ཁྲིད་ལ་ཕ་ཡུལ་གྱི་གནོད་རྗེས་བསྐྱར་འཛུགས་ལས་དོན་དུ་ཞུགས་པའི་རེ་ཞུ་བྱས། ལས་ཁུངས་མགོ་ཁྲིད་ཀྱིས་ཁོའི་འདོད་པ་ལྟར་ཁོ་རང་དུང་དཀར་ལུང་པའི་ཐད་གཏོགས་ཡན་ལག་ཁང་དུ་མངགས།
དེ་ནས་དུང་དཀར་ལུང་པའི་ཐད་གཏོགས་ཡན་ལག་ཁང་གིས་བཙུགས་པའི་ཞབས་ཞུ་རུ་ཁག་ཏུ་ཆིང་ཞའོ་ཆང་གི་བྲེལ་བྲེལ་འཚུབ་འཚུབ་ཀྱི་གཟུགས་བརྙན་མཐོང་རྒྱུ་ཡོད་ལ། བསྐྱར་འཛུགས་ཡུལ་དངོས་དང་ཞིང་ཁ་དང་ལམ་ཁ་སོགས་སུ་ཁོས་ཡུལ་མི་ཚོའི་དཀའ་ཁྲལ་སྐྱོ་སྡུག་གི་གནད་དོན་ཐག་གཅོད་པའི་སྣང་ཚུལ་མཐོང་རྒྱུ་ཡོད། ཐོག་མའི་གུར་གྱི་ཉེན་རྟོག་ཁང་ནས་བཀོད་འཇོག་ཁང་གི་ཉེན་རྟོག་ཁང་དུ་སྤོས་པ་སྟེ་མང་ཚོགས་གང་དུ་ཡོད་ན་ཁོ་རང་དེར་བསླེབས་ཤིང་། དུས་རབས་གསར་པའི་ཧྥེང་ཆའོ་ཡི་ཉམས་མྱོང་བེད་སྤྱོད་ཡག་པོ་བཏང་སྟེ་འགལ་བ་རྩོད་གཞི་འབྱུང་རྩ་ནས་སེལ་བ་དང་དོན་ཆུང་གྲོང་སྡེ་ལས་མི་བརྒལ་བ་དང་། དོན་ཆེན་གྲོང་རྡལ་ལས་མི་བརྒལ་བར་ཐག་བཅད་པ་རེད། ཡང་སྒོས་སུ་ཡན་ལག་ཁང་གི་བཀོད་འདོམས་ལྟེ་གནས་ཀྱི་མགོ་གཙོའི་འགན་བཞེས་རྗེས་ཁོས་དུས་ཡུན་རིང་པོར་ཆུ་ཚོད24ལ་ལས་རེས་བརྟན་དུ་བསྲུངས་ཤིང་ཇུས་རོགས་ལག་རོགས་པའི་ནུས་པ་ཡག་པོ་བཏོན་ཏེ་གནོད་རྗེས་བསྐྱར་འཛུགས་ལས་དོན་ལ་ཞབས་འདེགས་ཞུས་པ་རེད།
ལོ་གཅིག་ལྷག་གི་སློབ་སྦྱོང་དང་སྦྱོང་བརྡར་བརྒྱུད་དེ་སྔོན་མར་མྱུར་སྐྱོབ་གདོང་ལེན་པའི་མཚན་སྙན་ཡོད་པའི་ཆིང་ཞའོ་ཆང་ནི་ད་ལྟ་ཡན་ལག་ཁང་གི་ལས་སྒོའི་རྐང་འཛིན་པར་གྱུར་ཡོད། དེ་སྔོན་ཁོ་རང་ཞིང་ཆེན་སྤྱི་བདེ་ཐིང་གི་ཉེན་རྟོག་པའི་མི་མེད་གནམ་གྲུ་གསོ་སྦྱོང་རྒྱུགས་སྤྲོད་དུ་ཞུགས་ནས་རྒྱུགས་འཕྲོད་པ་དང་། ད་ལྟ་ཡན་ལག་ཁང་གི་ཉེན་རྟོག་པའི་མི་མེད་གནམ་གྲུ་གཏོང་མཁན་ཆེས་བཟང་ཤོས་སུ་གྱུར་ཡོད། སྦྱོང་བརྩོན་ཆེ་ཞིང་བསམ་གཞིག་མཁས་པའི་ཆིང་ཞའོ་ཆང་གིས་སྔར་བཞིན་རང་གི་དམ་བཅའ་ལག་ལེན་དུ་བསྟར་ནས་ཆེད་ལས་ཀྱི་བྱང་ཚད་དེ་བས་མཐོན་པོས་ཕ་ཡུལ་སྲུང་བཞིན་ཡོད་པ་རེད།།
མཚན་དང་སྙན་གྲགས་ཐོབ་ན་ཡང་།། ཁེངས་པ་མི་སྐྱེས་མུ་མཐུད་འབད།།
2022ལོའི་ཟླ་བ9པའི་ཚེས5ཉིན་ལ། ལྕགས་ཟམ་རྫོང་དུ་གློ་བུར་དུ་ས་འགུལ་བྱུང་བ་ནས་བཟུང་། ཆིང་ཞའོ་ཆང་ལ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་རིམ་པ་བཅས་ཀྱི་མཚན་སྙན་མང་པོ་ཐོབ་ཡོད་མོད། འོན་ཀྱང་ཆིང་ཞའོ་ཆང་གིས་གཟི་བརྗིད་འདི་ནི་དཀར་མཛེས་ཁུལ་ཉེན་རྟོག་རུ་ཁག་ཡིན། ངས་སྔར་བཞིན་ཐོག་མའི་བསམ་འདུན་མི་བརྗེད་པར་ཕ་ཡུལ་དུ་གཞི་བཙུགས་ཏེ་ཞུམ་པ་མེད་པར་མདུན་དུ་བསྐྱོད་པ་ཡིན་ན། གཞི་ནས་མགོ་ཐོག་གི་ཉེན་རྟོག་པའི་རྟགས་མ་འདིར་ངོ་གནོང་མི་དགོས་ཞེས་བཤད། 2022ལོའི་ཟླ་བ9པར། 2022ལོའི་དུས་ཚིགས་གསུམ་པའི་སི་ཁྲོན་གྱི་མི་བཟང་གི་གཟི་བྱང་འགྲེམ་སྤེལ་མཛད་སྒོ་པ་ཀྲུང་གྲོང་ཁྱེར་ཨེན་དབྱང་ཆུས་སུ་སྤེལ་བ་དང་། ཆིང་ཞའོ་ཆང་དང་ཁོའི་སློབ་ཆུང་གི་རྒྱ་ཡིག་དགེ་རྒན་ཝང་ཅུན་གཉིས་ཀ་སི་ཁྲོན་མི་བཟང་གི་ལས་བརྩོན་གཏོང་ཕོད་ཀྱི་གྲས་སུ་བདམས་ཐུབ་པ་བྱུང་ནས་དགེ་སློབ་གཉིས་དཔུང་པ་མཉམ་གཤིས་ངང་བྱ་དགའ་ལེན་སར་བསྐྱོད་པ་དང་འབྲེལ་གླེང་མོལ་གྱི་གོ་སྐབས་བཟང་པོ་ཡང་ཐོབ་པས་བྱ་དགའ་སྤྲོད་པའི་ཡུལ་དངོས་སུ་ཀུན་གྱི་གླེང་བྱ་བཟང་པོ་གྱུར་ཡོད།
དཔའ་བོའི་གཟིགས་སྐྱོང་ཐོབ་རྗེས་ཆིང་ཞའོ་ཆང་དེ་མ་ཐག་ལས་གནས་སུ་ཕྱིར་ལོག་ཡོད། 2023ལོའི་ཟླ་བ8པར། ཆིང་ཞའོ་ཆང་དཀར་མཛེས་ཁུལ་ལོ་ཆུང་དང་བླངས་པའི་འཐུས་ཚབ་ཏུ་བྱས་ནས་ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་དཔལ་འབར་མཁན་གྱི་འགན་བཞེས་པ་རེད། དཔལ་འབར་བརྒྱུད་སྤྲོད་བྱེད་སྒོའི་སྔ་ཉིན་གྱི་ཉིན་གུང་ལ་ཆིང་ཞའོ་ཆང་གཞི་ནས་འབོ་ཞབས་ནས་ཐོན་པ་དང་བྱེད་སྒོ་རྫོགས་མ་ཐག་ངལ་གསོ་ཁོམ་མེད་པར་དེ་ཉིན་ནས་ཕྱིར་ལོག་པ་རེད། བྱེད་སྒོར་ཞུགས་དུས་ཀྱི་ངང་ཚུལ་ཡང་ཁྱད་ལྡན་ཉེན་རྟོག་པའི་བྱ་སྤྱོད་སྤེལ་སྟངས་ལྟར་བྱ་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ཞེ་ན། དེ་ནི་ཆིང་ཞའོ་ཆང་གི་སེམས་སུ་ནམ་ཡང་གནོད་རྗེས་བསྐྱར་འཛུགས་བྱེད་བཞིན་པའི་ཕ་ཡུལ་བཅངས་ཡོད་པའི་ཕྱིར་རོ།།
ཆིང་ཞའོ་ཆང་ལ་གསོ་རླུང་མི་འདང་ཡང་ཡོད་ངེས་པ་ནི་བློ་དཀར་སེམས་དཀར་ཡིན་ཞེས་པའི་དཀར་མཛེས་ཁུལ་གྱི་ཉེན་རྟོག་པའི་རང་གཤིས་ཟོལ་མེད་ཡོད་ཅིང་། ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་དྭངས་མ་ཡོད་ལ། མི་དམངས་གཙིགས་སུ་འཛིན་པའི་བསམ་བློ་ཡང་ཡོད། ཕྱིན་ཆད་ཆིང་ཞའོ་ཆང་གིས་འབོ་གངས་དཀར་གྱི་འདབས་སུ་མུ་མཐུད་དེ་གངས་ལྗོངས་སྲུང་དམག་གི་མི་ཚེའི་ལེའུ་ངོ་མཚར་བ་བྲི་ངེས་སོ།།
སྐལ་ཐུབ་ཀྱིས་བསྒྱུར།
རྩོམ་གསར། 10