འཆར་སྣང་།

དཔལ་ལྡན་བཟང་བོ།        2024-05-09

            ལས་འཕྲོ་མེད་པའི་ཟོལ་གྱིས།

གཙང་པོ་དེ་ཕྱོགས་གཉིས་སུ་གྱེས།

རྦབ་རྡོ་ཞིག་དང་འཕྲད་པ་ཡིན་ནམ།

ལུང་ཀྱོག་ཅིག་ཏུ་བཞུར་བ་ཡིན།

རྒྱུ་དང་རྐྱེན་ཞིག་བཙལ་དགོས་བསམས་ན།

གཙང་པོ་དེ་མ་གཞི་ནས་ཆུ་ལག་གཉིས་རེད།

ད་ནི་ཕྱིར་ལོག་མི་སྲིད་པའི་ཟོལ་གྱིས།

སྨྲ་བ་ཡོད་ཚད་ལྷིང་འཇགས་སུ་བཏང་།

སྨྱུག་རྩེ་ནས་བཞུར་ཡོང་བ་དག་ཀྱང་ཤོག་ངོས་སུ་

ཕབ་མ་ཕོད།

ཁྲེལ་མེད་ཀྱི་མི་དེ་ངས་བྱས་ཆོག

དེ་ཙམ་གྱིས་ཁྱེད་ལ་སེམས་གསོ་གནང་ཐུབ་པར་ཞུ།

བརྗེད་མི་ཐུབ་པ་བདེན་ལ།

དྲན་མི་ཕོད་པའང་བདེན།

གཅིག་པུར་ས་སྲོད་ཀྱི་གཙང་པོ་རྒལ་དུས།

མཚམས་སྤྲིན་གྱི་རླབས་རིས་ལས་གྲུ་ཆུང་ཞིག་

མཐོང་ཞིང་།

དེའི་ནང་དུ་འཕྲིན་པ་ཞིག་བཞག་ཡོད་པ་འཆར་

སྣང་བྱས།

ཡིན་ནའང་། ང་རང་འཆར་ཡན་དུ་ཁྲིད་མཁན་

བསམ་གཞིག་གི་སྟོང་ཁམས་ཆེན་མོ་འདི་ཡིན་མོད།

ང་རང་དངོས་ཡོད་དུ་འདྲུད་མཁན་རྐང་འོག་གི་

ལམ་ཕྲན་འདི་རེད།

དེ་ནས། ངས་ལམ་ཕྲན་འདིའི་རྡོ་ཡི་བར་གསེང་

ནས་མེ་ཏོག་ཅིག་གི་མཛེས་པ་ཡིན་རུང་ཨེ་

མཐོང་བལྟས།

  • ལེ་ཚན་སྔོན་མ།:མཛེས་སྡུག་གི་བུ་མོ་ཞིག་ལ།
  • ལེ་ཚན་རྗེས་མ།:སྣང་བའི་མགུར་མ།