མདོག་འགྱུར་གྱི་ལོ་ཟླ།

༼ ལྷ་ཚང་ཚུལ་བསྟན། ༽        2024-04-26

ཡིད་རྟོན་མི་ཕོད་པའི་ངོ་གདོང་ཞིག་གི་ཕག་ཏུ།

རྣམ་པ་ཅི་ཞིག་གི་ཁ་དོག་བཀྲ་ཡོད་དམ།

མདོག་འགྱུར་གྱི་ལོ་ཟླ་ལ་ཚོན་མདོག་གི་

ཡལ་ག་ཅི་ཙམ་བྲིས་ཀྱང་།

འཇབ་ཀྱིན་འོང་བའི་མུན་པའི་ཁྲོད་དུ།

ཆར་བ་འབབ་ཐེངས་ཤིག་གིས་ཡོངས་སུ་བཀྲུས་ཏེ།

རིམ་གྱིས་རྐང་འོག་གི་ས་རྡོ་ལ་འཐིམ།

རྒྱང་རིང་ནི་མངོན་དུ་མ་གྱུར་པའི་རྨི་ལམ་ཞིག་སྟེ།

མོ་ཊ་མི་ཐར་པའི་ལམ་ཕྲན་གྱ་གྱུ་ཞིག་གི་སྣེ་མོར་ཡོད་དམ།

དུས་ཚོད་ཀྱི་ཁུག་མའི་ནང་དུ།

འཇིག་རྟེན་གཡར་མ་རེ་བླུགས་ནས།

ཚེ་སྲོག་གི་འཚོ་གནས་གཏན་ཁེལ་ཅི་ལྟར་བྱས་ཀྱང་།

གདམ་ཀ་ཞིག་གི་རྗེས་སུ།

སླར་ཡང་གདམ་ཀ་གཞན་པ་ཞིག།

དཔྱིད་ཀྱི་རྒྱལ་མོའི་ཞལ་རས་ལྟར་བཞད་དུས།

ནང་སེམས་ཀྱི་དམ་བཅའ་མཐའ་དག་ཀོ་གྲུ་ཞིག་དང་འདྲ་བ།

མིག་མདུན་གྱི་གཙང་ངོགས་ནས་རྒྱང་ནས་རྒྱང་དུ་ཡལ།

སྐབས་འདི་དག་ལ།

རང་ལ་དྲི་བ་ཅི་ཙམ་དྲིས་ཀྱང་།

རང་ཉིད་ཀྱི་གྲིབ་མ་གཅིག་པུ་དང་ལྷན་དུ།

ལྷིང་འཇགས་ཀྱི་ལུང་སྟོང་ཞིག་ཏུ་མེ་སྒོང་བརྒྱབས་ཏེ།

ཡུན་རིང་སོང་བའི་རུས་རྐང་ལ་མེ་དྲོད་

ཅིག་གསོས་ན་སྙམ་པ་དེའོ།།

  • ལེ་ཚན་སྔོན་མ།:མགོན་དགེ་རྒན་བཀའ་དྲིན་གཞལ་མེད་རེད།
  • ལེ་ཚན་རྗེས་མ།:ནང་སེམས་ཀྱི་མགུར་གླུ།