མཛེས་སྡུག་གི་བུ་མོ་ཞིག་ལ།

ཁམས་ཟླ་སྲས།        2024-05-09

            ལོ་དང་ཟླ་བ་འདས་ཀྱང་བརྗེད་ཐབས་མེད་པས།།

སེམས་གཏམ་ཡིད་ཀྱི་སྙན་པ་ལན་གཅིག་གཡོར་དང་།།

བརྩེ་གླུ་མུ་ཏིག་ཟིལ་མས་མགུལ་རྒྱན་བསླས་ཏེ།།

མདང་སུམ་རྨི་ལམ་ནང་ནས་ཚོར་བ་གླེང་ཡོང་།།

འཁོར་འདས་སྟོང་བའི་དབྱིངས་ལ་སེམས་པ་མ་གཡེང་།།

དགུན་གསུམ་གཙག་རླུང་ཁྲོད་ནས་ཁྱོད་རང་བསྒུགས་ཡོད།།

ང་ཡི་ཨ་ཇོ་སེམས་པའི་གཏིང་ལ་བྲིས་ཡོད།།

སྤྲིན་དཀར་བླ་བྲེ་འཁྱིལ་བའི་ཞིང་གྲོང་དེ་ནས།།

མཛེས་སྡུག་ལང་ཚོའི་ཕྱོར་སོ་ཡག་པར་ལྟ་དུས།།

གཡོ་འཁྲུལ་ཐབས་ལ་བྲེལ་བའི་སྣང་ཚུལ་མཐོང་ཡང་།།

ཚེ་སྔོན་བག་ཆགས་ཟབ་མོའི་བསྐོས་ཐེངས་ཤིག་གིས།།

མ་སྒྲིག་རང་དབང་མེད་པར་བསླུས་པ་མིན་ནམ།།

བརྩེ་བ་མ་བཅོས་སེམས་ཀྱི་གསེབ་ཏུ་སྦས་དང་།།

དུང་བའི་དྲན་ཤིང་འཇོལ་མོའི་ལྡིར་སྐོར་རྒྱག་ཡོང་།།

སྙན་ཆང་ཟླ་བའི་མགུར་ལ་མགྲིན་པ་གཡོར་དང་།།

ངག་རིག་དབྱངས་ཀྱི་སྟེགས་བུ་སླར་ཡང་བསྐྲུན་ཆོག །

  • ལེ་ཚན་སྔོན་མ།:འབྲོག་མོ།
  • ལེ་ཚན་རྗེས་མ།:འཆར་སྣང་།