ཞི་ཅིན་ཕིང་གིས་ཧྥ་རན་སེའི་སྨྱན་སྦྱོར་ཐོག་མཚན་བཀོད་རྩོམ་ཡིག་སྤེལ།

    ཤིན་ཧྭ་གསར་འགྱུར་ཁང་།    2024-05-07

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་5ཉིན། ཕ་རི་སིར་ཕེབས་ནས་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་ཉེའི་མཚམས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི《ཧྥེ་ཅ་ལུའོ་ཚགས་པར》ཐོག་འགོ་བརྗོད་དུ《ཀྲུང་ཧྥའི་དབར་ཕྱི་འབྲེལ་བཙུགས་པའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད། རྩོམ་ཡིག་གི་ནང་དོན་ཆ་ཚང་གཤམ་གསལ།


ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་པའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།


ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིང་།


ཙུང་ཐུང་མཱ་ཁེ་ལུང་གི་གདན་ཞུས་ལྟར་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་ཐེངས་གསུམ་པ་བྱ་རྒྱུ་བྱུང་བར་ང་རང་ཧ་ཅང་དགའ་པོ་བྱུང་།


ཀྲུང་གོའི་མི་དམངས་ཀྱི་སེམས་ནང་ཧྥ་རན་སེར་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་ཡོད། ས་ཆ་དེ་ནས་འཛམ་གླིང་ཐོག་ཤུགས་རྐྱེན་བཟང་པོ་ལྡན་པའི་མཚན་ཉིད་རིག་པ་མཁས་ཅན་དང་། རྩོམ་རིག་མཁས་ཅན། སྒྱུ་རྩལ་མཁས་ཅན་བཅས་མང་པོ་ཞིག་ཐོན་ནས་མིའི་རིགས་ཡོངས་ཀྱི་བསམ་བློའི་བློ་སྒོ་ཕྱེ་ཡོད། ལོ་150ལྷག་ཙམ་གྱི་གོང་དུ། ཧྥ་རན་སེའི་མི་སྣ་དེ་སྔ་ཀྲུང་གོའི་ཧྥུའུ་ཅན་གྲུ་གཟིངས་བཟོ་སྐྲུན་དང་ཧྥུའུ་ཅན་གྲུ་གཟིངས་བཟོ་སྐྲུན་སློབ་གྲྭ་འཛུགས་སྐྲུན་ནང་ཞུགས་མྱོང་བ་དང་ཧྥ་རན་སེ་ནི་ཀྲུང་གོའི་གཞུང་ཕྱོགས་ཀྱིས་བཏང་བའི་ཕྱི་སྦྱོང་སློབ་མ་དང་ལེན་བྱེད་མཁན་སྔ་ཤོས་དེ་ཡིན། ལོ་བརྒྱའི་གོང་། ཀྲུང་གོའི་གཞོན་ནུ་ཧྥ་རན་སེར་སློབ་གཉེར་ལ་བསྐྱོད་ཅིང་། དེའི་ནང་གི་ཕུགས་བསམ་ལྡན་པའི་གཞོན་ནུ་ཁག་གཅིག་གིས་ཕྱིས་སུ་ཀྲུང་གོ་གསར་པ་འཛུགས་པ་དང་འཕེལ་རྒྱས་གཏོང་ཆེད་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཕུལ་ཡོད། ཧྥ་རན་སེས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོའི་ཁྲོད་ནས་སྔོན་ལ་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་དངོས་སུ་བཙུགས་ཡོད།


2024ལོ་ནི་དམིགས་བསལ་གྱི་དོན་སྙིང་ལྡན་པའི་དུས་མཚམས་ཤིག་རེད། ངས་ད་ཐེངས་ཧྥ་རན་སེར་ཡོང་ནས་ཀྲུང་གོའི་ཆ་འཕྲིན་ཁག་གསུམ་ཁྱེར་ཡོད།


—— ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་པའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས། ཀྲུང་ཧྥའི་འབྲེལ་བའི་འཛིན་སྐྱོང་སྤེལ་གསུམ་དང་སྔ་འཛིན་ཕྱི་གཏོད་ལ་སྐུལ་འདེད་གཏོང་འདོད་ཡོད།


འདི་ལོ་ནི་ཀྲུང་ཧྥའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་རེད། ལོ་60ཡི་གོང་། དམག་དཔོན་ཏེ་ཀའོ་ལེ་ཡིས་དུས་རབས་ཀྱི་འཐབ་ཇུས་ཀྱི་མིག་རྒྱང་གི་ཐོག་ནས་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་རྒྱུའི་གཏན་འབེབས་བྱས་ཡོད། འཇམ་འཐབ་ཇེ་སྡུག་ཏུ་འགྲོ་བའི་རྒྱབ་ལྗོངས་འོག རང་བཙན་རང་བདག་གི་གཏན་འབེབས་དེ་ནི་ཧ་ཅང་ལས་སླ་པོ་ཞིག་མིན་ལ། དེ་ནི་ཡང་དག་པ་དང་མིག་རྒྱང་རིང་བ་ཞིག་ཡིན་པ་དོན་དངོས་ལས་ར་སྤྲོད་ཐུབ་ཡོད། ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་པ་དེས་ཤར་ནུབ་ཕྱོགས་དང་འབྲེལ་གཏུག་བྱེད་པའི་སྦྲེལ་ཟམ་ཞིག་བསྐྲུན་ཡོད་ལ། རྒྱལ་སྤྱིའི་འབྲེལ་བ་གླེང་མོལ་དང་མཉམ་ལས་ཀྱི་ཕྱོགས་སུ་འགྱུར་ལྡོག་འགྲོ་བར་སྐུལ་འདེད་ཀྱང་བཏང་ཡོད།


ལོ་60རིང་། ཀྲུང་ཧྥའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་རྗེས་སུ་དམ་པོར་བསྙེགས་ཡོད། ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་དབར་གྱི་འབྲེལ་བའི་ཁྲོད་རྒྱལ་ཁབ་གཉིས་པོས་སྔོན་ལ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལམ་སྲོལ་རང་བཞིན་གྱི་འཐབ་ཇུས་གླེང་མོལ་བྱེད་འགོ་བརྩམས་ཡོད། མཁའ་འགྲུལ་དང་།ཉིང་རྡུལ་ནུས་པ། ཕྱོགས་གསུམ་པའི་ཁྲོམ་ར་སོགས་མཉམ་ལས་སྔོན་ལ་བྱས་ཡོད་ལ། ཕན་ཚུན་རིག་གནས་ལྟེ་གནས་བསྐྲུན་པ་དང་ཕན་ཚུན་རིག་གནས་ལོ་སྔོན་ལ་གཉེར་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་ཁྲིད་སྟོན་གྱི་ནུས་པ་བཏོན་ཡོད། རྒྱལ་ཁབ་གཉིས་པོས་མཉམ་ལས་བྱས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་ཆོད》དང“ཁུན་མིང་—མོང་ཐེ་ལིར་གྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི”གྲུབ་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་གྲོས་རིམ་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།


ལོ་རྒྱུས་ནི་དགེ་རྒན་ཡག་ཤོས་ཤིག་ཡིན། དེང་སྐབས་འཛམ་གླིང་ལྷིང་འཇགས་མེད་པ་མ་ཟད། ཉེན་ཁ་མང་པོ་ཡང་ཡང་འཕྲད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་འཛམ་གླིང་གིས་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད།


—— ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཧྥ་རན་སེ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ཡིན།


འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ལོ་75རིང་། ཀྲུང་གོའི་མི་དམངས་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། དབུལ་ཞིང་ཕོངས་པའི་ཀྲུང་གོ་འཛམ་གླིང་གི་དཔལ་འབྱོར་སྡེ་གཞི་ཆེ་གྲས་ཨང་གཉིས་པར་གྱུར་བ་དང་། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་ཁ་ཤས་ཚང་མ་དབུལ་སྒྲོལ་ཐུབ་ནས་མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད། 2023ལོར་ཀྲུང་གོའི་དཔལ་འབྱོར་5.2%འཕར་བ་དང་2024ལོའི་དམིགས་ཚད་ནི་5%ཙམ་ཡིན་པ་མ་ཟད། འཕེལ་རྒྱས་ཀྱི་སྤུས་ཚད་དེ་བས་མཐོ་པོ་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་མུ་མཐུད་སྒུལ་ཤུགས་བསྣན་ནས་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་སྦྱིན་རྒྱུ་རེད།


ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ནི། གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན། ང་ཚོས་སྤུས་ཚད་མཐོ་བའི་ཧྥ་རན་སེའི་ཞིང་ལས་ཐོན་རྫས་དང་བྱུག་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་བཏོན་ནས་ཀྲུང་གོ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་ཧྥ་རན་སེ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ལས་ཀྲུང་གོར་མ་འཇོག་ལས་དར་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།


བཟོ་སྐྲུན་ལས་རིགས་ཀྱི་འཇུག་འཐུས་ཕྱོགས་ཡོངས་ནས་ལྷུག་ཏུ་བཏང་ཟིན་ལ། གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཀྱི་འཇུག་འཐུས་མགྱོགས་མྱུར་ལྷུག་ཏུ་གཏོང་རྒྱུ་ཡིན། ང་ཚོས་ད་དུང་ཧྥ་རན་སེ་སོགས་རྒྱལ་ཁབ་མང་པོའི་སྤྱི་དམངས་དཀྱུས་མར་ཉིན་15ཡི་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་པ་མ་ཟད། ཕྱི་རྒྱལ་གྱི་མི་སྣ་ཀྲུང་གོར་ཡུལ་སྐོར་དང་གཏོང་སྤྲོད་བྱེད་བདེ་བའི་བྱེད་ཐབས་གསར་པ་བཟོས་ཡོད།


ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ནང་ཁེ་ལས་ཕྱི་ཕྱོགས་སུ་བསྐྱོད་ནས་མཉམ་ལས་བྱ་རྒྱུར་སྐུལ་མ་གཏོང་བ་ཡང་ཚུད་ཡོད། མིག་སྔར། ཧྥ་རན་སེས་ལྗང་མདོག་གསར་གཏོད་ལ་གཞིགས་པའི“བཟོ་ལས་ཅན་བསྐྱར་མར”སྐུལ་འདེད་གཏོང་བཞིན་ཡོད་ལ། ཀྲུང་གོས་ཀྱང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་སུ་གཏོང་བཞིན་ཡོད་པས། ཕྱོགས་གཉིས་པོས་གསར་གཏོད་མཉམ་ལས་ཟབ་ཏུ་བཏང་ནས་ལྗང་མདོག་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆོག ཀྲུང་གོའི་ཁེ་ལས་ཁག་གཅིག་གིས་ཧྥ་རན་སེར་གློག་རྫས་བཟོ་གྲྭ་བཙུགས་ཡོད། ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧྥ་རན་སེར་མ་དངུལ་འཇོག་པར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཧྥ་རན་སེ་ཕྱོགས་ཀྱིས་ཀྱང་ཁོང་ཚོར་གཞུང་དྲང་དྲང་གཞག་གི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད།


—— ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད།


འདི་ལོ་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་བཏོན་ནས་ལོ་70འཁོར་བའི་ལོ་ཞིག་རེད། ལོ་70ཡི་གོང་། ཙུང་ལི་ཀྲོའུ་ཨེན་ལེས“བདག་དབང་དང་མངའ་ཁོངས་ཆ་ཚང་ལ་ཕན་ཚུན་བརྩི་འཇོག་བྱེད་པ་དང་།


ཕན་ཚུན་དབར་བཙན་གནོད་མི་བྱེད་པ། ཕན་ཚུན་དབར་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་བཅས་ཀྱི་རྩ་དོན་དོན་ཚན་ལྔ་ཐོག་མར་ཆ་ཚང་བར་བཏོན་ཡོད། ལོ་ངོ་70ཡི་རིང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་འཛམ་གླིང་རྒྱལ་ཁབ་ཁག་གིས་ཡོངས་ཁྱབ་ཏུ་དང་ལེན་དང་ཁས་ལེན་ཐོབ་ནས་དེང་རབས་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།


ཀྲུང་གོ་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་མཁན་ཞིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ལྷག་ཙམ་སོང་རིང་། རྐང་བཙུགས་ནས་དམག་འཁྲུག་གཅིག་ཀྱང་སློང་མྱོང་མེད་ལ། རྒྱལ་ཁབ་གཞན་གྱི་ས་ཆ་སྦར་མཐིལ་ཙམ་ཡང་བཙན་བཟུང་བྱས་མྱོང་མེད། ཀྲུང་གོ་ནི་འཛམ་གླིང་ཐོག་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་མཐའ་འཁྱོངས་བསྐྱོད་རྒྱུ་དེ་རྩ་ཁྲིམས་ནང་འགོད་མཁན་གྱི་རྒྱལ་ཁབ་འབའ་ཞིག་དེ་ཡིན་ལ། ཉིང་རྡུལ་རྒྱལ་ཁབ་ཆེན་པོའི་ཁྲོད་ཉིང་རྡུལ་མཚོན་ཆ་སྔོན་ལ་མི་སྤྱོད་པ་ཁས་ལེན་མཁན་རྒྱལ་ཁབ་འབའ་ཞིག་དེའང་རེད།


ཉེ་བའི་ལོ་ཤས་རིང་། ངས་སྔ་རྗེས་སུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་མིའི་རིགས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཆེད་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་བས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་100ལྷག་ཙམ་གྱི་རྒྱབ་སྐྱོར་ཐོབ་ཡོད།


ཡུག་རེན་གྱི་ཉམས་ཉེན་གྱིས་ཡོ་རོབ་མི་དམངས་ལ་བཟོས་པའི་ཕོག་ཐུག་ཀྲུང་གོ་ཕྱོགས་ཀྱིས་གསལ་པོ་རྟོགས་ཀྱི་ཡོད། ཀྲུང་གོ་ནི་ཡུག་རེན་གྱི་ཉམས་ཉེན་བཟོ་མཁན་ཞིག་མིན་ལ། དོ་བདག་ཕྱོགས་དང་ཞུགས་མཁན་ཕྱོགས་ཀྱང་མིན་མོད། འོན་ཀྱང་ང་ཚོས་ཐོག་མཐའ་བར་གསུམ་དུ་ཉམས་ཉེན་ཞི་བས་ཐག་གཅོད་ཡོང་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། ངས་བསྟུད་མར་རེ་འབོད་མང་པོ་བྱས་པའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་། རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་བརྩི་འཇོག་བྱེད་པ། ཕྱོགས་ཁག་གི་ལུགས་མཐུན་བདེ་འཇགས་ཀྱི་དོ་ཁུར་ལ་མཐོང་ཆེན་བྱེད་པ་བཅས་ཚུད་ཡོད་ལ། ཉིང་རྡུལ་མཚོན་ཆ་སྤྱོད་མི་རུང་བ་དང་ཉིང་རྡུལ་དམག་འཁྲུག་རྒྱག་མི་རུང་བའི་ནན་བཤད་ཀྱང་བྱས་ཡོད། ཀྲུང་གོས་ཡུག་རེན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མང་པོ་བྱས་པ་མ་ཟད། འབྲེལ་ཡོད་རྒྱལ་ཁབ་ལ་དམིགས་བསལ་ཕོ་ཉ་ཐེངས་མང་བཏང་ནས་འདུམ་འགྲིག་བྱས་ཡོད། ཡུག་རེན་གྱི་ཉམས་ཉེན་དུས་ཚོད་ཇི་ཙམ་རིང་ན་ཡོ་རོབ་དང་འཛམ་གླིང་ལ་དེ་ཙམ་གྱིས་གནོད་འཚེ་ཆེན་པོ་ཡོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་སྐམ་ས་ཆེ་མོ་སྔ་ཙམ་ཞི་བདེ་བརྟན་ལྷིང་ཕྱོགས་སུ་ལོག་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ལ། ཧྥ་རན་སེ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཉམས་ཉེན་ཐག་གཅོད་བྱེད་པའི་ལུགས་མཐུན་གྱི་ཐབས་ལམ་འཚོལ་འདོད་ཡོད།


ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་གཏུགས་ཀྱིས་མི་རྣམས་དངངས་སྐྲག་གི་གནས་སུ་ལྷུང་ཡོད། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ནི་རང་བཙན་གྱི་ཕ་ལེ་སི་ཐན་གྱི་རྒྱལ་ཁབ་འཛུགས་རྒྱུ་དེ་རེད། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དུས་བབ་ཇེ་སྡུག་ཏུ་འགྲོ་བའི་རྩ་བའི་རྒྱུ་རྐྱེན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལག་བསྟར་ཏན་ཏིག་མ་ཐུབ་པ་དང་། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི”རྨང་གཞིར་ཟམ་མི་ཆད་པར་གཏོར་བཤིག་ཕོག་པ། དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཕེལ་རིམ་འགྲོ་ལམ་ཡང་དག་ལས་འཛོལ་བ་བཅས་ཡིན་པ་ལོ་རྒྱུས་ཀྱིས་ར་སྤྲོད་ཡང་ཡང་བྱས་ཡོད། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་ཐུན་མོང་གི་ངོས་འཛིན་མང་པོ་ཡོད་པས། མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དབུས་ཤར་ས་ཁུལ་གྱི་ཞི་བདེ་སླར་གསོ་བྱ་ཆེད་ལེགས་སྐྱེས་འབུལ་དགོས།


ཧྥ་རན་སེའི་རྩོམ་པ་པོ་ལུའོ་མན·ལུའོ་ལན་གྱིས་བརྗོད་དོན། “རང་ཚུགས་ཀྱི་བསམ་གཞིག་དོར་བ་ནི་ཆག་སྒོ་མཐའ་དག་གི་འབྱུང་རྩ་ཡིན” རང་བཙན་རང་བདག་གི་སྙིང་སྟོབས་ལྡན་པའི་ཀྲུང་ཧྥ་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནུས་པ་ཆེན་པོ་བཏོན་པས་འཛམ་གླིང་གི་མདུན་སྐྱོད་ཁ་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཡོད། ལོ་རྒྱུས་ཀྱི་འབྲེལ་མཚམས་གསར་པར་ང་ཚོས་ལག་གདང་སྦྲེལ་ནས་སླར་ཡང་རྡོག་ཐོན་གྱིས་ཀྲུང་ཧྥའི་འབྲེལ་བར་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་བདེ་སྐྱིད་སྐྲུན་དགོས།


  • ལེ་ཚན་སྔོན་མ།:ཀྲུང་གོའི་གསར་གཏོད་ཁག70ལ་རི་ནེ་ཝའི་རྒྱལ་སྤྱིའི་གསར་གཏོད་འགྲེམས་སྟོན་གྱི་གསེར་གྱི་བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།