མི་དམངས་དྲ་བ་ནས་དྲངས། 2024-04-08
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་སི་རི་ལན་ཁའི་ཙུང་ལི་ཀུའུ་ན་ཝ་ཏེ་ན་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་སིའི་དབར་གྱི་མཛའ་གྲོགས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཞིང་། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ལ་གནའ་སྔ་མོ་ནས་བརྩེ་བ་ཟབ་མོ་ཡོད། ཀྲུང་སིའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ལ་ཐུན་མོང་གི་རེ་སྒུག་ཅིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་མཉམ་དུ“རང་ཚུགས་རང་འབད་དང་མཐུན་སྒྲིལ་རོགས་རེས”ཀྱི《སྨི་ཅའོ་ཆོད་ཡིག》གི་དགོངས་དོན་མུ་མཐུད་དར་སྤེལ་བཏང་སྟེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་བརྟན་དུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པ་བཅས་བྱས་ནས། ཀྲུང་སིའི་ལྷག་བསམ་ཟོལ་མེད་ངང་རོགས་རེས་དང་མི་རབས་ནས་མི་རབས་བར་མཛའ་མཐུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁས་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མི་རིགས་ཀྱི་ལ་རྒྱ་བཅས་ལ་སྲུང་སྐྱོང་བྱེད་པ་དང་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་དེང་རབས་ཅན་གྱི་ལམ་བུ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། སི་རི་ལན་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་ཡང་མུ་མཐུད་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ལྷག་པར་དུ་ཁོ་ལོན་པོ་གྲུ་ཁ་གྲོང་དང་ཧན་པན་ཐོ་ཐ་ཕྱོགས་བསྡུས་གསར་སྤེལ་གྱི་རྣམ་གྲངས་གཙོ་བོ་གཉིས་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་སྟེ། ཟོག་འགྲེམས་དང་། ནུས་རྒྱུ། ཐོན་ལས་གསུམ་གྱི་མཉམ་ལས་ཟབ་ཏུ་གཏོང་དགོས་ལ་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། དྭངས་གཙང་ནུས་རྒྱུ། རིག་གནས་ཡུལ་སྐོར། རྒྱ་མཚོའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལའང་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁའི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་ལ་སི་རི་ལན་ཁར་མ་འཇོག་ལས་གཏོད་བྱེད་པར་བསྐྱོད་རྒྱུའི་སྐུལ་ལྕག་ཀྱང་གཏོང་གི་ཡིན། སི་རི་ལན་ཁ་ཕྱོགས་ཀྱིས་དྲང་གཞག་དང་ཕྱི་གསལ་ནང་གསལ་གྱི་ཚོང་གཉེར་ཁོར་ཡུག་ཅིག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་མཉམ་དུ་གྲོང་གསེབ་ཀྱི་དབུལ་པོ་ཉུང་གཏོང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། སི་རི་ལན་ཁར་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་རྒྱུར་རོགས་རམ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་སྔར་བས་དར་སྤེལ་བཏང་སྟེ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་སིའི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་ཡག་པོ་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཀུའུ་ན་ཝ་ཏེ་ན་ཡིས། སི་ཀྲུང་གཉིས་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཟབ་མོ་ཡོད། སི་རི་ལན་ཁ་ཕྱོགས་ཀྱིས་ཁ་གསལ་དོན་གསལ་གྱི་སྒོ་ནས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུ་རྒྱུ་དང་། ཀྲུང་གོར་འཛིན་པའི་མཛའ་གྲོགས་མཉམ་ལས་སྲིད་ཇུས་ཁ་གསལ་དོན་གསལ་གྱི་སྒོ་ནས་ལག་ལེན་བསྟར་རྒྱུ། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དེ་ཉིད་ཕྱི་ཕྱོགས་འབྲེལ་བའི་ཁྲོད་ཀྱི་སྔོན་ཐོབ་གནས་བབ་ཐོག་འཇོག་རྒྱུ་བཅས་ཡིན། ཀྲུང་གོས་སི་རི་ལན་ཁར་དཀའ་ངལ་འཕྲད་སྐབས་གང་དུས་ཡིན་ཡང་དུས་ཐོག་ཏུ་རོགས་རམ་གནང་གི་ཡོད་པ་སི་རི་ལན་ཁ་ཕྱོགས་ཀྱིས་བརྗེད་མི་སྲིད། སི་ཀྲུང་རྒྱལ་ཁབ་གཉིས་ནི་ལས་དབང་གཅིག་མཐུན་གྱི་དཀའ་སྡུག་མཉམ་མྱོང་བྱེད་མཁན་གྲོགས་པོ་ཡིན། ཁོ་ལོན་པོ་གྲུ་ཁ་གྲོང་དང་ཧན་པན་ཐོ་ཐ་ཕྱོགས་བསྡུས་གསར་སྤེལ་སོགས་ཀྱི་རྣམ་གྲངས་ཀྱིས་སི་རི་ལན་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་ཧ་ཅང་ཆེན་པོ་སྦྱིན་ཡོད་ལ། ས་གནས་སྤྱི་ཡོངས་ཀྱི་འཕེལ་རྒྱས་ལའང་སྐུལ་མ་ནུས་ལྡན་ཐེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ཀྱིས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་དང་དྲང་ནུས་སྦྱིན་པས། སི་རི་ལན་ཁ་ཕྱོགས་ཀྱིས་དེར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ལ་དེའི་ནང་ཧུར་ཐག་ཞུགས་རྒྱུ་ཡིན། སི་རི་ལན་ཁ་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་ཕྱོགས་དང་མཉམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དར་སྤེལ་བཏང་སྟེ། སི་ཀྲུང་གི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་ཚོང་དོན་དང་། སློབ་གསོ། ཡུལ་སྐོར། དབུལ་པོ་ཉུང་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། རྒྱལ་སྤྱིའི་ཕྱོགས་མང་འབྲེལ་མཐུད་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།
ཝང་དབྱི་མཇལ་འཕྲད་ནང་ཞུགས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10