སྲོལ་རྒྱུན་གྱི་འདེབས་འཛུགས་ནས་སྤུས་ལེགས་ཐོན་སྐྱེད་ཕྱོགས་སུ་སྒྱུར་བའི་ས་མཐོའི་ནས་ནག།

        2024-04-07

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་གྲོང་ཁྱེར་ཧོར་ནག་ཤང་དུ་ཡོད་པའི་སྔ་དགོང་གི་དྲོད་ཚད་ཁྱད་པར་ཆེ་བ་དང་། ཉི་མ་སྟོན་ཡུན་རིང་བ། ཆུ་སྤུས་དག་པ་བཅས་ཀྱི་རང་བྱུང་ལེགས་ཆ་ལྡན་པའི་རུ་ཞོལ་མ་གྲོང་ཚོར་ནས་ནག་བཏབ་ན་སྐྱེ་འཚར་ཡག་པོ་ཡོང་མོད། འོན་ཀྱང་རེབ་གོང་དུ་ནས་ནག་འདེབས་ཁྱོན་ཆུང་ལ་ཐོན་ཚད་ཀྱང་མང་པོ་མེད། 2019ལོར་རེབ་གོང་གྲོང་ཁྱེར་གྱིས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་འགོ་བཙུགས་ཤིང་། ཧོར་ནག་ཤང་གིས་གཞིས་རྩེ་ནས་ཐོན་ཚད་ཅུང་མང་བའི་ནས་ནག་གི་སོན་བཟང་ནང་འདྲེན་བྱས་པར་མུའུ་རེའི་ཐོན་ཚད་སྤྱི་རྒྱ་250ཟིན་ཡོད།

ཚོད་འདེབས་བྱས་པ་བརྒྱུད། ཧོར་ནག་ཤང་དུ་སྐྱེས་པའི་ནས་ནག་གི་འབྲུ་རྡོག་ཆེ་ལ་མང་བས་2020ལོར་ཤང་ཡོངས་སུ་ནས་ནག་མུའུ་1100འདེབས་འཛུགས་བྱས་ཡོད། “ནས་ཀྱི་དཔལ་འབྱོར་ཕན་འབྲས་ཞིང་ལས་སྐྱེ་དངོས་གཞན་ལས་ལེགས་པ་འདུག ནས་དཀྱུས་མ་རྒྱ་མ་གང་ལ་རིན་གོང་མཐོ་ཤོས་ལའང་སྒོར་1དང་སྒོར་ཟུར་5ལས་རི་གི་མེད། ནས་ནག་ལ་སྒོར་3རག་གི་འདུག ཆ་སྙོམས་བྱས་ན་མུའུ་རེ་ནས་ལོ་ལྟར་འབབ་འཕར་སྒོར་1050ཡོང་གི་འདུག”ཅེས་རུ་ཞོལ་མ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དཔལ་མགོན་ཚེ་རིང་གིས་ངོ་སྤྲོད་བྱས།

ཧོར་ནག་ཅེས་པའི་ཡུལ་འདིར་རི་མཐོ་ལ་གཡང་གཟར་བས་མང་ཚོགས་ཕྱུག་འགྱུར་བྱེད་པར་དཀའ་ངལ་ཆེ་ཙམ་ཡོད། “ནས་ནག་གི་ཡོང་འབབ་མཐོ་པོ་བྱུང་རྗེས་ང་ཚོས་ཞིང་ལས་ཐོན་ལས་ཀྱི་སྤུས་རྟགས་བཏོད་དེ། ཡུལ་མི་སྔར་ལས་མང་པོ་དངོས་འབྲེལ་ཕྱུག་པོ་ཆགས་པར་བྱེད་རྩིས་ཡོད”ཅེས་ཧོར་ནག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་སྟག་ལྷ་ཐར་གྱིས་བརྗོད། སྲིད་གཞུང་གི་སྣེ་ཁྲིད་འོག་གྲབས་གཤོམ་གང་ལེགས་བྱས་པ་བརྒྱུད། 2020ལོར་རུ་ཞོལ་མ་གྲོང་ཚོའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་རེད། གྲོང་ཚོ་ཡོངས་ཀྱི་ཞིང་དུད་250ཡིས་ས་ཞིང་མུའུ་4783མ་རྐང་དུ་ཕབ་ནས་ཞིབ་བགོས་བྱས་ཤིང་། རྨོ་ཞིང་རྐང་ཞུགས་ཀྱི་གྲོང་ཚོའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་རྣམ་པར་བརྟེན་ནས་ས་ཞིང་དག་མཉམ་ལས་ཁང་གིས་གཅིག་གྱུར་རྨོ་འདེབས་དང་གཉེར་སྐྱོང་བྱས་པ་རེད།

ལེགས་བསྡུས་ཞིབ་གཉེར་དང་སྤུས་ཚད་མཐོ་པོས་འདེབས་འཛུགས་བྱེད་ཆེད། རུ་ཞོལ་མ་གྲོང་ཚོས་གྲོང་གསེབ་དར་རྒྱས་དང་ཐེན་ཅིན་གྱི་རོགས་སྐྲུན་རྣམ་གྲངས་བརྒྱུད། མ་དངུལ་སྒོར་ཁྲི་280བཏང་ནས་ཧོར་ནག་ཞིང་འཕྲུལ་ཞབས་འདེགས་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། རིགས་16གི་དེང་རབས་ཅན་གྱི་ཞིང་འཕྲུལ་སྒྲིག་ཆས་34སྒྲིག་སྦྱོར་བྱས་ནས་ཐོན་སྐྱེད་ནུས་ཕྱོད་ཇེ་ཆེར་བཏང་ཡོད།“དེ་སྔོན་ས་ཞིང་མུའུ་40བརྔ་བསྡུ་བྱེད་པར་ཉིན་15ཡས་མས་འགོར་གྱི་འདུག ཞིང་ལས་འཕྲུལ་ཆས་ཅན་དུ་བསྒྱུར་རྗེས་ས་ཞིང་མུའུ་40ཉིན་གཅིག་ལ་བརྔ་བསྡུ་བྱེད་མཇུག་འགྲིལ་ནས་དུས་ཚོད་གྲོན་ཆུང་ཐུབ་སོང་། འཕྲུལ་ཆས་ཅན་གྱི་འདེབས་འཛུགས་མྱུར་ཚད་དེ་འདྲའི་མགྱོགས་པ་ལ་ཨང”ཞེས་བསོད་ནམས་ཀྱིས་བརྗོད།

ཡུལ་མི་བཀྲ་ཤིས་ཀྱི་ཁྱིམ་དུ་ས་ཞིང་མུའུ་20ཡོད་པ་ཚང་མ་མ་རྐང་རྣམ་པའི་ཐོག་ནས་མཉམ་ལས་ཁང་ལ་རྐང་ཞུགས་བྱས་ཤིང་། ཞིང་འཕྲུལ་གྱི་ཆེད་དོན་གསོ་སྦྱོང་བྱས་པ་བརྒྱུད། ཁོང་གིས་ཞིང་སྤྱོད་འཕྲུལ་འཁོར་སྣ་ཚོགས་བེད་སྤྱོད་བཏང་ཤེས་ནས་མཉམ་ལས་ཁང་གི་ལས་མིར་གྱུར་པ་དང་། ལོ་འཁོར་མོར་མཉམ་ལས་ཁང་དུ་རྩྭ་བླུག་པ་དང་རླངས་འཁོར་གཏོང་བ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད། ཁོང་གིས“ཉིན་གཅིག་ལ་གླ་ཆ་སྒོར་150ཡོད་པའི་ཐོག ལོ་མཇུག་ཏུ་ད་དུང་བགོ་འགྲེམས་བརྩིས་ན་ལོ་རེའི་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་གྱི་འདུག ཐག་རིང་དུ་འགྲོ་མི་དགོས་པར་དངུལ་བསགས་ཐུབ་སོང”ཞེས་བརྗོད།

རུ་ཞོལ་མ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གྲོང་ཚོའི་མཉམ་སྡེབ་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་བྱམས་མཁར་རྒྱལ་གྱིས་ནས་ནག་ཞིང་དུད་དང་། མཉམ་ལས་ཁང་། རྟེན་གཞི་ཟུང་དུ་འབྲེལ་བར་བརྟེན་ནས་འདེབས་འཛུགས་དང་གཉེར་སྐྱོང་བྱེད་ཀྱི་ཡོད་དེ། ཞིང་དུད་ཀྱིས་མཉམ་ལས་ཁང་ལ་མ་རྐང་བཞག་པ་དང་། མཉམ་ལས་ཁང་གིས་ནས་ནག་གི་སོན་ཁུངས་དང་། འདེབས་འཛུགས། གཡོག་བྱེད། བརྔ་བསྡུ། གསོག་ཉར། སྐྱེལ་འདྲེན་བཅས་ཀྱི་འགན་ཁུར་བ། རྒྱུན་གཏན་ནས་ཞིང་པ་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་བྱེད་པར་བསྡུ་བ། ལོ་མཇུག་ཏུ་མ་རྐང་བཞག་པ་ལྟར་བགོ་ཤ་བརྒྱབ་པ་བརྒྱུད་ཕྱོགས་ཡོངས་ནས་ལས་ཞུགས་མང་དུ་དང་ཡོང་འབབ་འཕར་བ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ནས་ནག་ལ་ལོ་ལེགས་བྱུང་རྗེས་འཚོང་ལམ་རྒྱ་སྐྱེད་གཏོང་རྒྱུ་དེ་དཀའ་གནད་གསར་པ་ཞིག་ཏུ་གྱུར་ཡོད། རུ་ཞོལ་མ་གྲོང་ཚོས་དུས་བབ་དང་བསྟུན་ནས་2021ལོར་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། གཅིག་གྱུར་ཐོག་འདེབས་བཙུགས་བྱས་པའི་ནས་ནག་དང་། སྲན་མ། གཟན་རྩྭ། པད་ཁ་སོགས་ལེགས་ལྡན་ཁྱད་ལྡན་ཞིང་ལས་སྐྱེ་དངོས་ལས་སྣོན་བྱས་ཤིང་། དེ་ནས་བཟུང་། རུ་ཞོལ་མ་གྲོང་ཚོའི་ནས་ནག་གྲོ་ཕྱེ་དང་། སྲན་ཕྱེ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁག་གཅིག་དྲ་ཐོག“མངགས་ཐོའི་རྣམ་པ”དང་དྲ་ཕྱིའི་མྱོང་རོལ་ཚོང་ཁང་སོགས་ལ་བརྟེན་ནས་ཁྲོམ་ལམ་ཆེ་ཆུང་གང་སར་ཐོན་ཏེ་ཐོན་ཚོང་གཞི་གཅིག་ཅན་གྱི་སྦྲེལ་ཐག་ཅིག་ཆགས་ཡོད།

2023ལོར། ནས་ནག་ཁྱོན་མུའུ་1783འདེབས་འཛུགས་བྱས་པ་དང་། མུའུ་རེའི་ཐོན་ཚད་རྒྱ་མ་350ཟིན་པ། ཐོན་ཚད་ཁྱོན་བསྡོམས་རྒྱ་མ་624050ཟིན་པ། རྒྱ་མ་རེར་སྒོར་3བྱས་ནས་བཙོངས་པར་ཡོང་འབབ་སྒོར་ཁྲི་187བྱུང་ཡོད། ད་ཆ་ས་ཞིང་མ་རྐང་དུ་གྱུར་པ་དང་། ཞིང་པ་རྐང་བདག་ཏུ་གྱུར་པ། ཞིང་ཁ་ཆུང་ཆུང་ཆེན་པོར་གྱུར་པ། ཐོན་ཁུངས་མ་རྩར་གྱུར་པ། རང་འཚོང་ནས་འཚོང་ལམ་སྣ་མང་ལ་གྱུར་པ། སྐྱོང་རོགས་ནས་རང་སྐྱོང་ལ་གྱུར་པ་བཅས་ཀྱི“རུ་ཞོལ་མའི་རྣམ་པ”ལས་རུ་ཞོལ་མ་གྲོང་ཚོའི་ས་ཞིང་ལ“འཚོ་ཐབས་གསར་པ”ཞིག་རྙེད་ཡོད་ལ། ཡུལ་མིར་ཡང་ཁེ་བཟང་མི་དམན་པ་བྱུང་ཡོད།


ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།


  • ལེ་ཚན་སྔོན་མ།:ཁྲུང་ཁྲུང་སྐེ་ནག་དང་མཉམ་དུ་གཤིབ་པའི་ལོ15
  • ལེ་ཚན་རྗེས་མ།:ཀྲུང་ཧོང་དབར་ཕྱི་འབྲེལ་བཙུགས་ནས་ལོ་གཅིག་འཁོར།
  • དོ་སྣང་ཆེ་བའི་རྩོམ།