སྡེ་ཚན་ལྔས་གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུའི་མདོང་ལམ་དྲ་བའི་ཞན་ཆ་སེལ་མགྱོགས་སུ་བཏང་ནས་ འཁོར་སྐྱོད་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུའི་བཀོད་སྒྲིག་བྱས་པ།

    མི་དམངས་དྲ་བ་ནས་དྲངས།    2024-03-26

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྡོད་ཁང་འཛུགས་སྐྲུན་པུའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ་སོགས་སྡེ་ཚན་ལྔས་བརྡ་ཐོ་བཏང་སྟེ། གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུའི་མདོང་ལམ་དྲ་བའི་ཞན་ཆ་སེལ་མགྱོགས་སུ་བཏང་ནས་འཁོར་སྐྱོད་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུའི་བཀོད་སྒྲིག་བྱས་པ་རེད། བརྡ་ཐོ་གཞིར་བཟུང་། 2027ལོར་སླེབས་སྐབས་གྲོང་ཁྱེར་གྱི་བསྐྲུན་ཟིན་པའི་ཁུལ་གྱི་འཚོ་བའི་བཙོག་ཆུ་ཐད་འབུད་བྱེད་ས་དང་སྒྲིག་བཀོད་མེད་པའི་ཁུལ་སྤྱིར་ན་མེད་པ་བཟོ་རྒྱུ་དང་། གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་གཅིག་སྡུད་བྱེད་ཚད་73%ཡན་ཟིན་ནས། གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་གཅིག་སྡུད་དང་གཙང་གསིང་གི་ཕྱོགས་བསྡུས་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་རེད།
   བརྡ་ཐོའི་ནང་སྒྲིག་བཀོད་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མདོང་ལམ་དྲ་བའི་སྒྲིག་བཀོད་དོ་དམ་ལ་ཤུགས་སྣོན་རྒྱག་པ། མདོང་ལམ་དྲ་བ་འཁོར་སྐྱོད་སྲུང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་འབྲེལ་ཡོད་བྱེད་ཐབས་བཏོན་ཡོད། སྒྲིག་བཀོད་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད། ས་གནས་ཁག་གིས་ལོ་5ནས་ལོ་10ཡི་ནང་གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུའི་མདོང་ལམ་དྲ་བར་གྲལ་བཤེར་ཐེངས་གཅིག་བྱེད་དགོས་པའི་བླང་བྱ་ལྟར། མདོང་ལམ་དྲ་བའི་ད་ལྟའི་གནས་ཚུལ་ལ་ཚོད་སྐོར་དང་ཉམས་བཟོའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་མདོང་ལམ་དྲ་བའི་ཕུགས་ཕན་དོ་དམ་དང་དཔྱད་ཞིབ་ཚོད་སྐོར་ལམ་སྲོལ་འཛུགས་དགོས། དེ་དང་ཆབས་ཅིག བེད་སྤྱོད་ལོ་ཚད་ཡོལ་བ་དང་། རྒྱུ་ཆ་རྗེས་ལུས་ཡིན་པ། གནད་དོན་མངོན་གསལ་དོད་པ་བཅས་ཀྱི་ཆུ་འབུད་སྒྲིག་བཀོད་ཕྱོགས་ཡོངས་ནས་གསར་བརྗེ་དང་སྒྱུར་བཀོད་བྱེད་དགོས་ཀྱི་ཡོད་པ་རེད།
    འགན་ལེན་བྱེད་ཐབས་ཐད། ས་གནས་ཁག་གིས་འགྲོ་གྲོན་འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། བཙོག་ཆུ་གཙང་གསིང་གི་གྲོན་བསྡུའི་ཚད་གཞི་ལུགས་མཐུན་ངང་ལེགས་སྒྲིག་བྱེད་པ། བཙོག་ཆུའི་མདོང་ལམ་དྲ་བ་འཛུགས་སྐྲུན་དང་འཁོར་སྐྱོད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ས་གནས་མི་དམངས་སྲིད་གཞུང་གིས་གནས་ཚུལ་ལ་གཞིགས་ནས་གཉེར་སྐྱོང་ཁ་གསབ་སྤྲོད་པ་བཅས་བྱས་ཏེ། བཙོག་ཆུའི་མདོང་ལམ་དྲ་བའི་སྒྲིག་བཀོད་རྒྱུན་གཏན་དང་རྒྱུན་མཐུད་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། ས་གནས་ཀྱིས་ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་བཀོད་སྒྲིག་བྱས་ནས་ཆ་རྐྱེན་དང་མཐུན་པའི་བཙོག་ཆུའི་མདོང་ལམ་དྲ་བ་འཛུགས་སྐྲུན་དང་སྒྱུར་བཀོད་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་དུ་འཇུག་དགོས། དངུལ་རྩའི་སྒྲིག་གཞིས་ཚོང་ར་ཅན་གྱི་རྩ་དོན་ལྟར་བཙོག་ཆུའི་མདོང་ལམ་དྲ་བ་འཛུགས་སྐྲུན་དང་སྒྱུར་བཀོད་རྣམ་གྲངས་ལ་མ་དངུལ་བསྡུ་སྒྲིལ་གྱིས་རྒྱབ་སྐྱོར་བྱེད་པར་ལྕག་སྐུལ་བྱེད་དགོས། དམིགས་བསལ་ཆོག་འཐུས་གཉེར་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་སྤྱི་ཚོགས་ཀྱི་མ་རྩ་དེའི་ཐད་གཏོང་བར་ལྕག་སྐུལ་བྱས་ཏེ། རྣམ་གྲངས་ཀྱི་ཕན་པ་ཐོབ་དབང་དང་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་དབང་ཆ་སོགས་གཏའ་འཇོག་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་བྱེད་སྟངས་ཞིབ་འཇུག་དང་འཚོལ་ཞིབ་བྱས་ནས་ཚད་ལྡན་དུ་གཏོང་དགོས།
   སྡོད་ཁང་འཛུགས་སྐྲུན་པུའི་གྲངས་གཞི་ལས་མངོན་པར། 2022ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་ཆུ་འབུད་མདོང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་91.35ཟིན་པ་དེ་དུས་མཚུངས་ལས་4.73%འཕར་བ་དང་། བཙོག་ཆུ་གཙང་གསིང་བཟོ་གྲྭའི་གཙང་གསིང་ནུས་པ་ཉིན་རེར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.16ཟིན་པ་དེ་དུས་མཚུངས་ལས་4.04%འཕར་ཡོད་པ་རེད།

  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་ཆུ་ཡག་པོ་སྤྱོད་ཚད་དང་ཕན་འབྲས་རྒྱུན་མཐུད་ཆེ་རུ་ཕྱིན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།