མི་དམངས་ཉིན་རེའི་ཚགས་པར། 2024-03-21
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཧོ་པེ་ཐང་ཧྲན་དང་། ཅང་སུའུ་སུའུ་ཀྲོའུ། ཧྥུའུ་ཅན་ཞ་མོན། ཅང་ཤིས་ཀན་ཀྲོའུ། སི་ཁྲོན་ལེ་ཧྲན་བཅས་ཚོད་ལྟའི་གྲོང་ཁྱེར་5ཡི་རྨང་གཞིའི་ཐོག་ནང་སོག་དང་། ཀྲེ་ཅང་། སི་ཁྲོན་བཅས་ཞིང་ཆེན་3སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་ཟབ་གཏོང་གི་ཚོད་ལྟའི་ཞིང་ཆེན་ལ་བརྩིས་ནས་ཞིང་ཆེན་དེ་ཡོངས་སུ་ཚོད་ལྟའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
དེ་གོང་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག《སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་ཟབ་གཏོང་གི་ཚོད་ལྟའི་ཇུས་གཞི》བཀྲམ་ནས་ལོ་3ནས་5བར་ཚོད་ལྟ་བྱས་ཏེ་ལད་མོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་ཀྱི་ཉམས་མྱོང་འཚོལ་ཞིབ་བྱས་ནས་རྙེད་པ་བྱ་རྒྱུ་རེད། ལོ་གཉིས་ལྷག་ཙམ་རིང་ཁག་དང་པོའི་ཚོད་ལྟའི་གྲོང་ཁྱེར་5ཡིས་སྨན་བཅོས་ཞབས་ཞུའི་རིན་གོང་བསྡོམས་འབོར་སྙོམས་སྒྲིག་ཚོད་འཛིན་དང་། རིགས་དབྱེ་དོ་དམ། སྟབས་བསྟུན་ལེགས་སྒྲིག ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་སོགས་ཀྱི་ལམ་སྲོལ་གལ་ཆེན་ལ་གཙོ་གནད་ཐོག་དམིགས་ཏེ་སྒྱུར་བཅོས་ཚོད་ལྟ་བྱས་ཡོད།
རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཚོད་ལྟའི་གྲོང་ཁྱེར་5ཡིས་ལམ་སྲོལ་གསར་པ་གཞིར་བཟུང་རིན་གོང་སྙོམས་སྒྲིག་རེས་སྐོར་གཉིས་བརྟན་པོའི་ངང་ལག་བསྟར་བྱས་ཟིན་པ་དང་། རྣམ་གྲངས་ཁག་1398དང་ཁག་5076གི་སྨན་བཅོས་ཞབས་ཞུའི་རིན་གོང་དང་འབྲེལ་བ་ཡོད། རིན་གོང་དམའ་དྲགས་པ་དང་ལག་རྩལ་ངལ་ལས་ཀྱི་རིན་ཐང་མཐོ་བའི་རྣམ་གྲངས་ཁག་གཅིག་རིན་གོང་སྤར་བའི་ནང་ནད་སྐྱོང་དང་། གཤགས་བཅོས། སྨན་བཅོས། ཀྲུང་ལུགས་གསོ་རིག་སོགས་ཚུད་ཡོད། དེ་དང་དུས་མཚུངས་སྒྲིག་ཆས་ཟད་གྲོན་ཆེ་བ་དང་འགྲོ་སོང་མང་བའི་ཞིབ་བཤེར་བརྟག་དཔྱད་རིགས་ཀྱི་རིན་གོང་ཅུང་ཆག་ཡོད། ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བྱས་འབྲས་ལ་བལྟས་ན། སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ནས་སྔོན་དཔག་གི་དམིགས་ཚད་དང་མཐུན་ཡོད།
ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་ཟབ་གཏོང་གི་ཚོད་ལྟའི་ཞིང་ཆེན་གདམ་གསེས་བྱས་ནས་ཁྱབ་ཁོངས་དེ་བས་ཆེ་བ་དང་། རིམ་པ་དེ་བས་མཐོ་བ། གཏིང་དེ་བས་ཟབ་པ་བཅས་ཀྱི་སྒོ་ནས་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་རེད། ཚོད་ལྟ་འདོད་མོས་ཡོད་མེད་བསྡུ་ལེན་དང་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་རྟོག་ཞིབ་བྱས་པ་བརྒྱུད་ས་ཁོངས་མི་འདྲ་བ་དང་། སྒྱུར་བཅོས་ས་ཁུལ་མི་འདྲ་བ། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད། སྨན་བཅོས་འགན་བཅོལ་ཐེབས་རྩ་འཁོར་རྒྱུག་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་མཐར་ནང་སོག་དང་། ཀྲེ་ཅང་། སི་ཁྲོན་བཅས་ཞིང་ཆེན་3དེ་ཡོངས་སུ་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10