ལྷོ་ཆུ་བྱང་འདྲེན་གྱི་ལས་གྲྭས་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་700ལས་བརྒལ་བ། ཕན་པ་ཐོབ་མཁན་དུང་ཕྱུར་1.76ལྷག་ཙམ་ཟིན་པ།

    མི་དམངས་ཉིན་རེའི་ཚགས་པར།    2024-03-21

གསར་འགོད་པར་ཆུ་བེད་པུའུ་ལྷོ་ཆུ་བྱང་འདྲེན་ལས་གྲྭ་དོ་དམ་སི་དང་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་3ཚེས་18ཉིན་གྱི་ཆུ་ཚོད་14བར། ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་རིམ་རྩིས་བརྒྱབ་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་700(སྐྱེ་ཁམས་ཁ་གསབ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་108ལྷག་ཙམ་ཚུད་པ)འདྲེན་པའི་ནང་དབུས་རྒྱུད་ནས་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་625.93དང་ཤར་རྒྱུད་ནས་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་67.77འདྲེན་པ་དང་། ཤར་རྒྱུད་ཀྱི་བྱང་ངོས་སྣུར་སྲིང་བྱེད་པའི་འཕྲལ་སྡོམ་ཆུ་མཁོ་འདོན་ལས་གྲྭས་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་6.30འདྲེན་པར་མི་འབོར་དུང་ཕྱུར་1.76ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་2014ལོར་ཕྱོགས་ཡོངས་ནས་ཆུ་བཏང་ཚུན། ཆུ་བེད་པུས་ལས་གྲྭ་བཀོད་གཏོང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་འཁོར་སྐྱོད་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གྲྭའི་བདེ་འཇགས་དང་། ཆུ་མཁོ་འདོན་བདེ་འཇགས། ཆུ་སྤུས་བདེ་འཇགས་བཅས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། དབུས་རྒྱུད་ལས་གྲྭའི་ཆུ་སྤུས་ས་ངོས་ཆུའི་རིགས་IIཔའི་ཚད་གཞི་དང་དེ་ཡན་ལོན་པ་དང་ཤར་རྒྱུད་ལས་གྲྭའི་ཆུ་སྤུས་རིགས་Ⅲཔའི་ཚད་གཞི་ལོན་ཡོད། ལྷོ་ཆུ་བྱང་འདྲེན་གྱི་ཆུས་པེ་ཅིང་གྲོང་ཁྱེར་གྲོང་ཁུལ་གྱི་ཆུ་མཁོ་འདོན་བྱེད་ཚད་ཀྱི་70%ཡན་བཟུང་བ་དེས་ཧ་ལམ་ཐེན་ཅིན་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་ཆུ་མཁོ་འདོན་བྱེད་ཚད་ཀྱི་100%བཟུང་བ་དང་། ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་མཁོ་འདོན་བྱེད་ཚད་ཀྱི་90%བཟུང་བ། ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་གྲོང་ཁུལ་གྱི་ཆུ་མཁོ་འདོན་བྱེད་ཚད་ཀྱི་75%བཟུང་གི་ཡོད་པ་རེད།

ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་ལམ་རྒྱུད་ས་ཁུལ་གྱི་གཙང་པོ་དང་མཚོ་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་ས་འོག་ཆུ་ཚད་ལས་བརྒལ་བ་སྔོག་འདོན་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་རམ་འདེགས་ཐུབ་ཡོད། དབུས་རྒྱུད་ལས་གྲྭས་རིམ་རྩིས་བརྒྱབ་ན་བྱང་ཕྱོགས་ཀྱི་ཆུ་བོ་50ལྷག་ཙམ་ལ་སྐྱེ་ཁམས་ཀྱི་ཆུ་གསབ་པ་དང་ཆུ་གསབ་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་100ཙམ་ཟིན་ཡོད། ཧྭ་བྱང་ས་ཁུལ་གྱི་གཙང་པོ་དང་མཚོ་མཚེའུ་མང་པོ་ཞིག་གི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་པའེ་དབྱང་ཏེན་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་300ཙམ་བར་ཆེ་རུ་ཕྱིན་ཡོད། 2023ལོའི་ལོ་མཇུག་བར་པེ་ཅིང་གྲོང་ཁྱེར་ཕིང་ཡོན་ཆུས་ཀྱི་ས་འོག་ཆུའི་ཆུ་ཁ་ལོ་8བསྟུད་མར་མཐོ་རུ་ཕྱིན་པ་དང་རིམ་རྩིས་བརྒྱབ་ན་སྨི་10.64མཐོ་རུ་ཕྱིན་ཡོད། ཤར་རྒྱུད་ལས་གྲྭའི་ལམ་ཐིག་རྒྱུད་ཀྱི་མཚོ་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད་པ་རེད།


  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྱི་མྱུར་སྐྱེལ་ལས་སྒོ་གྲོང་ཚོར་ཁྱབ་ཚད་85%ཟིན་པ།
  • ལེ་ཚན་རྗེས་མ།:མང་ཚོགས་ཀྱི་བདེ་ཐང་སེམས་ནུས་ཡོད་རྒུས་བསྲུངས་པ།
  • དོ་སྣང་ཆེ་བའི་རྩོམ།