བདེན་པའི་མི་ཚེ།

རུས་རྐང་དྭངས་མ།        2024-03-20

བསིལ་འཇམ་རླུང་བུ་དལ་གྱིས་ལྡང་ཞིང་། །

མེ་ཏོག་གར་མས་སྟངས་སྟབས་ངོམ་དུས། །

གཤིས་ཀྱིས་གྲུབ་པའི་མི་ཚེ་སྣུམ་པོ། །

ས་གཞི་སྟེང་དུ་བཞད་པ་ཨེ་རེད། །

ན་ནིང་དབྱར་གྱི་དུས་ཚིགས་ཤིག་ལ། །

སྲོད་ཀྱི་ལུག་རྫི་བུ་མོ་ཞིག་གིས། །

སྣང་བ་མི་ཚེར་བརྒྱུས་པའི་གཏམ་རྒྱུད། །

སྲིད་པ་རྒན་པོའི་རྣ་བར་ཐོས་ཡོད། །

དབྱར་གསུམ་དགུང་གི་ཆར་ཆུས་བརླན་ཞིང་། །

དགུན་གསུམ་ཁ་བ་བུ་ཡུག་འགྲོགས་ཏེ། །

ཡལ་གའི་སྡོང་འགོའི་འདབ་མ་དེ་རུ། །

མི་ཚེའི་རྨི་ལམ་དམར་པོ་བྲིས་ཡོད། །

སེམས་ཀྱི་འཕྲིན་པ་རླུང་ལ་བསྐུར་ཞིང་། །

ཚོར་བའི་དྲན་པ་ཆུ་ལ་སྐྱུར་དུས། །

ལས་དབང་ལྷ་ལ་བཅོལ་བའི་བུ་ཆུང་། །

ལྷོ་བྱང་འདྲེས་མའི་མཚམས་སུ་བལྟས་ཡོད། །

གངས་ཀྱི་ར་བས་གླིང་བཞིར་བསྐོར་ཅིང་། །

ཆུ་ཆེན་གཙང་པོ་གང་སར་བཞུར་དུས། །

ངས་ཀྱང་བདེན་པའི་མི་ཚེ་དེ་རུ། །

རིགས་ཞེན་གཙང་མའི་ཤུགས་གླུ་འཐེན་ཡོད། །


  • ལེ་ཚན་སྔོན་མ།:ལས་དབང་ལ་མཆོད་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།