ཡུམ་དྲན་ཡིད་ཀྱི་རོལ་དབྱངས།

རུས་རྐང་དྭངས་མ།        2024-03-11

ལྷུན་ཆགས་གངས་ཅན་ཁ་བ་ཅན་ལྗོངས་སུ། །

མི་ཚེའི་གོམ་པ་དང་པོ་དལ་གྱིས་སྤོས། །

བྱམས་བརྩེ་ཨ་མའི་པང་དུ་སྐྱེས་ནས་བཟུང་། །

དྲིན་གྱི་རྨི་ལམ་ཐོག་མ་དེ་རུ་བཞག །

མཐིང་སྨུག་ལྷ་སྦྲ་གུར་ཁྱིམ་ཐུ་འོག་ཏུ། །

ལས་འབྲས་གསེར་གྱི་ཐག་བཟང་འཆིང་པ་དང་། །

དྲིན་ཆེན་མ་ལོའི་པང་དུ་སྐྱེས་ནས་བཟུང་། །

དུས་ཀྱི་རྨི་ལམ་ཐོག་མ་དེ་རུ་རྨིས། །

རིང་ནས་འདྲིས་པའི་དྲིན་ཅན་མ་ལོ་ནི། །

གནམ་གྱི་ཉི་ཟླ་ས་ཡི་རྩི་ཤིང་སྟེ། །

ཀུན་ལ་སྤྲོ་སྣང་སྟེར་བའི་དགོས་འདོད་དམ། །

ཡོད་ཚད་བདེ་བར་སྦྱིན་པའི་བྱམས་མགོན་ཡིན། །

ཡུན་དུ་འགྲོགས་པའི་དྲིན་ཅན་མ་ལོ་ནི། །

བུ་ལ་བྱམས་ཀྱིས་གཅེས་པར་སྐྱོང་བ་དང་། །

ཀུན་ལ་འཛུམ་གྱིས་དགོད་སྒྲ་སློང་བ་སྟེ། །

དྲིན་ལྡན་མ་ཡུམ་སྐུ་ཚེ་བརྟན་པར་ཤོག །

གཏན་ཏུ་བརྩེ་བ་དྲོད་ཀྱིས་སྐྱོང་བ་དང་། །

མཉམ་དུ་འཛུམ་ཆུང་མིག་གིས་ལྟ་བ་སྟེ། །

ཁྱེད་ཉིད་ཡུན་དུ་ཚེ་རིང་ནད་མེད་ཅིང་། །

དགའ་སྐྱིད་ཕུན་ཚོགས་བདེ་ལ་རོལ་ནུས་ཤོག



  • ལེ་ཚན་སྔོན་མ།:བུད་མེད་ནི་འཚོ་བའི་ཉིན་ སྲིབ་ན་ཡོད།
  • ལེ་ཚན་རྗེས་མ།:ནགས་ཚལ་དབེན་པའི་རྒྱང་གླུ་རྒྱལ་གཤེན་དཔའ་བོའི་བཞད་སྒྲ།