བརྩེ་བའི་ཨ་མ་ལགས།

རི་སྤྱང་།        2024-03-08

བུད་མེད་གནམ་གྱི་ཕྱེད་ཀ་སྟེ།།

འཇིག་རྟེན་གྲུབ་པའི་ཆ་ལག་ཡིན།།

རྒྱལ་སྲིད་སྐྱོང་བའི་གཞི་མ་ཡིན།།

བུད་མེད་དུས་ཆེན་དགའ་བས་བསུ། །


སེམས་ཅན་ཐམས་ཅད་ཕ་མ་ཡིན། །

དེ་ལས་ཀྱང་ནི་ཨ་མ་ཡིན། །

ཨ་མ་རྗེ་བཙུན་སྒྲོལ་མ་ཡི། །

སྐུ་ཚེ་རིང་བའི་དུས་ཆེན་བསུ། །


གཡང་ཁྱིམ་ཚང་གི་བདག་མོ་ཡིན། །

ཁྱིམ་གྱི་དྲོད་ཁོལ་འཁྱིལ་ས་ཡིན། །

མཛངས་མ་འཛུམ་དཀར་ལྷ་མོ་ཡི། །

མངའ་ཐང་རྒྱས་པའི་དུས་ཆེན་བསུ། །


བརྩེ་བའི་སྙིང་གཏམ་བཤད་ས་ཡིན། །

དུང་བའི་ཟུར་མིག་འཕེན་ས་ཡིན། །

རྟག་ཏུ་དགའ་བའི་དགའ་མ་ཡི། །

མཛའ་ཞིང་དགའ་བའི་དུས་ཆེན་བསུ། །


བུད་མེད་གནམ་གྱི་ཕྱེད་ཀ་ཡིན། །

སྟག་ཤར་དེ་ལས་མ་འདས་སོ། །

ཕོ་མཆོག་མོ་དམན་མི་ལྟ་བར། །

འཆམ་མཐུན་ཡོང་བའི་དུས་ཆེན་བསུ། །


ཤེས་རིག་པད་མའི་སྐྱེད་ཚལ་དུ། །

ཕོ་མོ་དབྱེ་བ་མི་འབྱེད་པར། །

བློ་གྲོས་སྣང་བ་དཀར་པོ་དེ། །

རྟག་ཏུ་འཇུག་པའི་དུས་ཆེན་བསུ། །

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཟླ་བས་གཟིམ་གུར་ཕུབ་པའི་མཚན་མོ།
  • ལེ་ཚན་རྗེས་མ།:རྒ་བཞིན་པའི་མ་ལོའི་གོམ་ཁ་འཁྱར་འཁྱོར།