དབྱངས་ཅན་མ།

༼ དབྱངས་ལྡེའུ། ༽        2024-03-04

རྣམ་མཛེས་འཇའ་ཡི་གཞལ་ཡས་ཁང་ཁྱིམ་དུ། །

རོལ་སྒེག་གར་གྱིས་ཉམས་རྫོགས་རི་དྭགས་མིག །

ངག་རིག་ཨུ་དུམ་ཝཱ་རའི་མགུལ་རྒྱན་ཕྲེང་། །

རིང་བའི་སྙན་ཞེན་བཙུན་པའི་མགུལ་དུ་སྒྲོན། །

འཁོར་འདས་བསིལ་བའི་ཆ་གཏེར་མ་ལུས་ཀུན། །

གཅིག་བསྡུས་འཛུམ་ཕྲེང་དགྱེས་ཞལ་ལུས་དཀར་མ། །

དུག་གསུམ་མུན་པའི་སྨག་རུམ་འཐིབས་པའི་གྲོང་། །

བྱིན་ཆེན་མཛད་སྣང་དཀར་པོའི་བདག་ཉིད་མ། །

རྣམ་དཀར་མཁྱེན་རབ་རབ་གསལ་མེ་ལོང་ངོས། །

འཁོར་འདས་ཇི་སྙེད་ཆོས་ཀུན་ལེགས་གཟིགས་ཤིང་། །

རྣམ་གྲོལ་བདེ་གཤེགས་བྱེ་བའི་འདུས་གྲོང་ནས། །

འཁོར་སློབ་བརྩེ་བའི་དཔལ་སྐྱོང་སྒྲ་དབྱངས་མ། །

ཟླ་དུམ་དབུ་རྒྱན་འོད་ཀྱིས་སྣང་བ་དཀར། །

མ་རིག་སྨག་རུམ་ཡེ་གསལ་མཛད་པའི་ཆ། །

རྣམ་དཀར་ཟླ་བའི་དཔལ་གྱིས་དོ་མིན་པས། །

ངག་དབང་དབྱངས་ཀྱི་ལྷ་ཁྱེད་གཏན་དུ་རྒྱལ། །

མདངས་མཛེས་ཆུ་སྐྱེས་འདབ་མའི་གདན་གྱི་བླར། །

ཟབ་དབྱངས་ཆོས་ཀྱི་འཕང་འགྲོའི་སྐུད་པ་ཕྲར། །

ཕྱག་སོར་རྗེས་ཆགས་བརྩེ་བས་རེག་པའི་དབྱངས། །

རྣམ་དག་ཐར་བའི་གྲོང་དུ་མགྲོན་བརྡ་འཁུམས། །

བྲང་གཞུང་མྱོས་བུམ་དུང་དཀར་ཆ་འགྲིག་འཛིན། །

རབ་དཀར་འོ་མས་ཁུར་གྱིས་མཛེས་དུད་དཔལ། །

མཉེན་ལྕུག་སོར་མོའི་འདབ་མ་ཡངས་པོའི་ངོས། །

རིན་ཆེན་ཕ་ལམ་འོད་ཀྱིས་མཛེས་རྫོགས་ཅན། །

བསྟོད་དབྱངས་སྙན་པའི་ཚིག་གི་བླ་བྲེལ་དཀར། །

དད་གསུམ་ནམ་མཐོངས་ངོས་སུ་བཤམས་པ་ན། །

ངག་རིག་དབྱངས་ཀྱི་འཕྲུལ་མའི་ཚངས་སྲས་མ། །

དགྱེས་འཛུམ་ཚེམས་ཕྲེང་མུ་ཏིག་སྩོལ་མཛོད་ཀྱེ། །

  • ལེ་ཚན་སྔོན་མ།:ངག་རིག་ལྷ་མོ་བསྟོད་པ་སྒྲ་རྒྱན་སྤེལ་མའི་ན་ཆུང་མའི་འགྲམ་ཆང་།
  • ལེ་ཚན་རྗེས་མ།:ཟླ་བས་གཟིམ་གུར་ཕུབ་པའི་མཚན་མོ།