རི་ཆུའི་ཁོར་ཡུག་སྲུང་སྐྱོང་ལ་འབད།

(སྐལ་བཟང་རྒྱ་མཚོས་བསྒྱུར།)        2024-03-04

རི་ཆུའི་ཁོར་ཡུག་སྲུང་སྐྱོང་ལ་འབད།

ཉག་རོང་ནགས་སྲུང་ཉེན་རྟོག་པས་ཡུལ་མི་ཚོར་ནགས་རྩྭ་མེ་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

དཔྱིད་གསར་དུས་ཆེན་དང་བོད་ལོ་སར་སྐབས་སུ།ཉག་རོང་རྫོང་སྤྱི་བདེ་ཅུས་ཀྱིས་ཉག་སྟོད་དང་ཉག་སྨད།ཆུ་བོའི་ཤར་རྒྱུད་དང་ཆུ་བོའི་ནུབ་རྒྱུད་བཅས་སུ་བཅའ་སྡོད་བྱེད་པའི་ནགས་ཚལ་སྐོར་སྲུང་ཡན་ལག་རུ་ཆུང་གི་མི་དམངས་ཉེན་རྟོག་པའི་ལས་རོགས་ཉེན་རྟོག་པས་ཉིན་ལྟར་མེ་འགོག་ས་ཚུགས་ཀྱི་ལས་རེས་མི་སྣ་དང་ནགས་གསེང་གི་གྲོང་སྡེ།ནགས་གསེང་གི་དགོན་པ་སོགས་ཀྱི་སེར་སྐྱ་ཚོར་ཁྱེད་ཚོས་ངེས་པར་དུ་ནམ་རྒྱུན་མེ་ཟོན་གྱི་ལྟ་སྐུལ་ཞིབ་བཤེར་དམ་ཟབ་དང་།མེ་འགོག་ཐད་སློབ་གསོ་དྲིལ་བསྒྲགས་ཡག་པོ་གཏང་དགོས་པ་དང་། ཐོན་ལས་ཐོན་སྐྱེད་དང་འཚོ་བ་ཐད་མེ་སྤྱོད་པར་གཟབ་ནན་བྱ་དགོས། རླངས་འཁོར་གཏོང་དུས་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་བྱ་རྒྱུ་བཅས་དུས་དང་རྣམ་པ་ཀུན་ཏུ་ནགས་རྩྭ་མེ་འགོག་དང་འགྲིམ་འགྲུལ་ཉེན་མེད་ཀྱི་འདུ་ཤེས་སེམས་ལ་དམ་པོ་བཅང་དགོས་ཞེས་ཡང་ནས་ཡང་དུ་དྲན་སྐུལ་བྱེད་བཞིན་ཡོད།

ནགས་རྩྭ་མེ་འགོག་གི་ལས་ཀ་ཡག་པོ་བསྒྲུབས་ཏེ་སྐྱེ་ཁམས་ཐོན་ཁུངས་ཀྱི་ཉེན་མེད་འགན་སྲུང་ཐུབ་པར་དམིགས་ནས།དུས་ཆེན་གཉིས་ཀྱི་སྐབས་སུ། ཉག་རོང་རྫོང་སྤྱི་བདེ་ཅུས་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་། གོང་རིམ་སྤྱི་བདེ་ལས་ཁུངས་བཅས་ཀྱི་འཆར་གཞི་བཀོད་སྒྲིག་ལྟར་ནགས་རྩྭ་ཉེན་རྟོག་པའི་ལས་འགན་འདོན་སྤེལ་གང་ལེགས་བྱས་ཤིང་། ཡུག་ཁུལ་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཚོའི་རི་དང་ནགས་ཚལ་ལ་ཆ་རྒྱུས་ཡོད་པ་དང་། ཡུལ་མིར་ཆ་རྒྱུས་ཡོད་པའི་ལེགས་ཆར་བརྟེན་ནས་ལོ་སར་སྐབས་ཀྱི་ནགས་རྩྭ་མེ་འགོག་གི་ལས་ཀ་དམ་འཛིན་བྱས་པ་དང་། མེ་འགོག་དྲིལ་བསྒྲགས་དང་མེ་སྐྱོན་ཉེན་ཁར་བརྟག་དཔྱད། གནད་ཆེ་སའི་ས་ཁུངས་ལ་སྐོར་སྲུང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སོགས་ཀྱི་ལས་ཀ་ཡག་པོ་བསྒྲུབས་ཡོད།

དུས་ཚིགས་གཙོ་བོ་དང་རྙོག་འཛིང་འགྱུར་ལྡོག་ཆེ་བའི་གནམ་གཤིས་ལ་དམིགས་ནས་ཉག་རོང་རྫོང་གི་ནགས་སྲུང་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ12ཀྱིས་ནགས་སྲུང་གི་ལས་ལ་འབད་ཅིང་། ཁོ་ཚོས་གྲང་ངར་ལ་མི་འཛེམས་པར་མཚོ་འཕགས་སྨི4000ཡན་གྱི་ནགས་རི་མཐོན་པོ་བརྒལ་བ་དང་རྒྱང་ཐག་རིང་བོའི་འབྲོག་སྡེར་བསྐྱོད་དེ་གནད་ཆེའི་ནགས་ཁུལ་དང་ལམ་མཚམས། གནས་སར་དམིགས་ནས་རི་ཁུལ་དུ་མི་འགྲོ་མཁན་ལ་བརྟག་དཔྱད་ནན་པོ་བྱེད་པ་དང་།ཕྱི་རོལ་དུ་མེ་སྤྱོད་པར་བཀག་སྡོམ་བྱེད་པ། ནགས་རྩྭ་མེ་འགོག་དང་བདེ་སྲུང་ཉེན་ཟོན། འགྲིམ་འགྲུལ་ཉེན་མེད་ཀྱི་ཉེན་ཁའི་གནས་ཚུལ་ལ་ཁེར་བཤེར་བཅོས་སྐྱོང་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱས་ཤིང་མངའ་ཁུལ་གྱི་བདེ་འཇགས་དམ་པོར་སྲུང་བཞིན་ཡོད་པ་རེད།

2023ལོའི་ནང་། ཉག་རོང་ནགས་སྲུང་ཉེན་རྟོག་ཚོ་ཆུང་བཙུགས་ནས་ལས་དོན་སྤེལ་བར་ཡུལ་དེ་གའི་མང་ཚོགས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།མང་ཚོགས་ཀྱིས་དེང་སང་ཉེན་རྟོག་པས་དུས་ཚོད་ངེས་མེད་བཞིན་རི་ཁུལ་དུ་བསྐྱོད་ནས་མེ་འགོག་ལ་སྐོར་ཞིབ་བྱས་ཤིང་མེ་ཟོན་སློབ་གསོ་དྲིལ་བསྒྲགས་བྱས་པ་དང་། ཡུལ་དེ་གའི་མི་རྣམས་ཀྱི་མེ་འགོག་འདུ་ཤེས་ཇེ་དྲག་ཏུ་བཏང་བ་རེད།

དུས་ཆེན་གྱི་སྐབས་སུ། ཉག་རོང་ནགས་སྲུང་ཉེན་རྟོག་ཚོ་ཆུང་གིས་སྔ་ཕྱིར་ཉེན་རྟོག་པ་མི་གྲངས60ལྷག་དང་ཉེན་རྟོག་པའི་རླངས་འཁོར20ལྷག་མངགས་གཏོང་བྱས་ཡོད། གནད་ཆེ་སའི་ནགས་ཁུལ་དུ་བསྐྱོད་དེ་རྒྱུན་ལྡན་གྱི་ཉེན་ཟོན་སྐོར་ཞིབ་ཐེངས20ལྷག་སྤེལ་ཡོད། མངོན་མེད་རྐྱེན་ངན་གྱི་ཉེན་ཁ་ཁེར་བཤེར་ལེགས་བསྒྱུར10ལྷག་བྱས་པ་དང་། ནགས་ཚལ་དང་འབྲེལ་ཡོད་ཁྲིམས་འགལ་གྱི་བྱ་སྤྱོད1ཞིབ་བཤེར་རྩད་ཆོད་ཐུབ་ཡོད། ཡུལ་དངོས་སུ་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད10ལྷག་ཞིབ་བཤེར་ཐག་གཅོད་བྱས་ཡོད། ཁྲིམས་ལུགས་དྲིལ་བསྒྲགས་ཐེངས10ལྷག་སྤེལ་བ་དང་། མང་ཚོགས1000ལྷག་ལ་སློབ་གསོ་ཐེབས་ཡོད། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར་སྐབས་སུ། ནགས་རི་དང་རྩྭ་ཐང་གི་མེ་སྐྱོན་དང་འགྲིམ་འགྲུལ་གྱི་དོན་རྐྱེན་སོགས་གང་ཡང་བྱུང་མེད་དོ།།

  • ལེ་ཚན་སྔོན་མ།:ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་ད་ལོར་ཕུག་ཐུབ་པར་བརྩོན་ལེན་བྱ་རྒྱུ།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་གིས་གཞས་ར་སྟོང་སྐོར་ཁྲ་མོས་ལོ་སར་བསུས།
  • དོ་སྣང་ཆེ་བའི་རྩོམ།