ཤེའུ་བང་སོའི་ཚོགས་སུ་ད་སྔར་གཞི་རྒྱ་ཆེས་ཆེ་བའི་བང་སོ་ཞིག་རྙེད།

མཚོ་སྔོན་པོ་དྲ་བ།        2024-02-29

   གསར་འགོད་པས་ཆུ་ཁོལ་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་ནས་རྒྱུས་ལོན་པ་ལྟར་ན། 2023ལོར་ཆུ་ཁོལ་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ཤེའུ་བང་སོ་ཚོགས་ཀྱི་བྱང་ཁུལ་དང་པོའི་བང་སོ་ཨངM37(“ལུག་རའི་བང་སོ”)ལ་སྔོག་འདོན་ཞིབ་ཕྲ་བརྒྱུད། “ལུག་རའི་བང་སོའི”ས་ངོས་ཀྱི་དབྱིབས་དེ2018ཤེའུ་བང་སོ་དང་ཆ་འདྲ་བ་དང་། ལྷག་པར“ལུག་རའི་བང་སོ”ཡི་གཞི་རྒྱ་དེ་ལས་ཆེ་བས། ད་སྔའི་བར་གསར་རྙེད་བྱུང་བའི་ཤེའུ་བང་སོ་ཚོགས་ལས་གཞི་རྒྱ་ཆེས་ཆེ་བའི་བང་སོ་རུ་ཆགས།

ཤེའུ་བང་སོའི་ཚོགས་སུ་ད་སྔར་གཞི་རྒྱ་ཆེས་ཆེ་བའི་བང་སོ་ཞིག་རྙེད།

       ཤེའུ་བང་སོ་ཚོགས་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལམ་རྫོང་ཆུ་ཁོལ་ཡུལ་ཚོའི་ཁོངས་སུ་ཡོད། གནའ་རྫས་རྟོག་ཞིབ་ལྟར་ན། 2018ལོའི་ཤེའུ་བང་སོ་དང་པོ་ནི་ཤེའུ་བང་སོའི་ཚོགས་དང་ཐ་ན་མདོ་དབུས་མཐོ་སྒང་དུ་རྙེད་པའི་བཀོད་པ་ཆེས་ཆ་ཚང་ཞིང་གྲུབ་ཚུལ་གསལ་པ། བཟོ་དབྱིབས་ཆེས་རྙོག་འཛིང་ལྡན་པའི་མཐོ་རིམ་བང་སོ་གྲས་ཀྱི་གཅིག་རེད།

       གནའ་རྫས་རྟོག་ཞིབ་ཆེད་མཁས་པས་འདི་སྐད། ཐེངས་འདིར་གསར་རྙེད་བྱུང་བའི“ལུག་རའི་བང་སོ”ནི་ཤེའུ་བང་སོའི་ཚོགས་དང་ཐ་ན་མདོ་དབུས་མཐོ་སྒང་དུ་རྙེད་པའི་ཆེས་ཆ་ཚང་ཞིང་གྲུབ་ཚུལ་གསལ་པ། བཟོ་དབྱིབས་ཆེས་རྙོག་འཛིང་ལྡན་པའི་མཐོ་རིམ་བང་སོ་གྲས་ཀྱི་གཅིག་ཡིན་པ་མ་ཟད། ཀྲུང་གོའི་གནའ་བོའི་བང་སོ་ལམ་ལུགས་གནའ་ཞིབ་ཀྱི་གསར་རྙེད་གལ་ཆེན་ཞིག་རེད་སྙམ་ཟེར། 

ཤེའུ་བང་སོའི་ཚོགས་སུ་ད་སྔར་གཞི་རྒྱ་ཆེས་ཆེ་བའི་བང་སོ་ཞིག་རྙེད།

       “ལུག་རའི་བང་སོ”སྔོག་འདོན་བྱས་པ་དེ་ནི2018ཤེའུ་བང་སོ་དང་པོ(ཨང་རྟགསDRXNIM25)མྱུར་སྐྱོབ་རང་བཞིན་གྱིས་སྔོག་འདོན་ལེགས་འགྲུབ་བྱས་རྗེས། ཤེའུ་བང་སོའི་ཚོགས་ཀྱི་ཁྲོད་དུས་ཡུན་རིང་བའི་གནའ་ཞིབ་བྱ་བའི་འཆར་འགོད་གཞིར་བཟུང་སྟེ་སྤེལ་བའི་སྔོག་འདོན་ལས་གཞི་ཞིག་ཡིན། “2023ལོའི་བྱ་བ་གཙོ་བོ་ནི‘ལུག་རའི་བང་སོ’ཡི་ས་ངོས་ནས་སྔོག་འདོན་བྱེད་རྒྱུ་དེ་ཡིན།” ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གནའ་ཞིབ་ཁང་གི་ཞིབ་འཇུག་པ་ཧན་ཅན་ཧྭ་ཡིས་འདི་སྐད། དུས་ཡུན་ཟླ་གསུམ་ལ་གཙང་བཤེར་བྱས་པ་བརྒྱུད། ད་སྔར“ལུག་རའི་བང་སོའི”དབྱིབས་དང་རྒྱ་ཁྱོན། ཁྱད་ཆོས་བཅས་གཞི་རྩའི་ཆ་ནས་གསལ་པོ་ཤེས་ཐུབ་ཟེར།

       ངོ་སྤྲོད་བྱས་པ་ལྟར་ན། “ལུག་རའི་བང་སོའི”དབྱིབས་གྲུ་བཞི་ཡིན་ཞིང་མཐའི་རིང་ཚད་སྨི50ཡོད། བང་སོའི་ཤར་ལྷོ་ཕྱོགས་སུ་མཆོད་སྟེགས་དང་འདྲ་བའི་བཟོ་བཀོད་ཅིག་རྙེད། 2018ཤེའུ་བང་སོ་དང་པོའི་མཆོད་སྟེགས་དེ་ཤར་བྱང་ཟུར་དུ་ཡོད་ཅིང་། “ལུག་རའི་བང་སོའི”མཆོད་སྟེགས་དེ་ཤར་ལྷོའི་ཟུར་དུ་གནས། 2018ཤེའུ་བང་སོ་དང་པོ་རུ་ཁང་མིག་གཉིས་རྙེད་པ་དང་། “ལུག་རའི་བང་སོ”རུ་ཁང་མིག་གསུམ་རྙེད། དེའི་ཁྲོད་གཞི་རྒྱ་ཆེས་ཆེ་བའི་ཁང་མིག་དེ་བང་སོའི་ཤར་གྱང་གི་ནང་ཕྱོགས་དུ་ཡོད་ཅིང་། སྒོ་ཤར་ཕྱོགས་སུ་འཁོར་ཡོད།

ཤེའུ་བང་སོའི་ཚོགས་སུ་ད་སྔར་གཞི་རྒྱ་ཆེས་ཆེ་བའི་བང་སོ་ཞིག་རྙེད།

       གཞན་ད་དུང་། གནའ་ཞིབ་རུ་མིས་ཆེས་ཆེ་བའི་ཁང་མིག་ཏུ་གྲུ་བཞིའི་དབྱིབས་ཀྱི་སོ་ཕག་གིས་བཟོས་པའི་མཆོད་སྟེགས་ཤིག་རྙེད། ཆེད་མཁས་པས་བསྟན་དོན། སོ་ཕག་གི་མཆོད་སྟེགས་དེ་ཤེའུ་བང་སོའི་ཚོགས་སུ་ཐོག་མར་གསར་རྙེད་བྱུང་བ་ཞིག་ཡིན་ལ། མཆོད་སྟེགས་སུ་སོ་ཕག་འབོར་ཆེན་རྙེད་པ་རེད། བང་སོ་དང་མཆོད་སྟེགས་ཀྱི་རྒྱ་ཁྱོན་དང་གྲངས་འབོར་སོགས་ལས་ཚོད་དཔག་བྱས་ཚེ། བང་སོའི་གཞི་རྒྱ་དང་དུར་བདག་གི་ཐོབ་ཐང་དེ2018ཤེའུ་བང་སོ་དང་པོ་ལས་མཐོ་བ་ཤེས་ཐུབ་ཟེར།

       ཧན་ཅན་ཧྭ་ཡིས་ངོ་སྤྲོད་བྱེད་རྒྱུར། 2023ལོར་ཤེའུ་བང་སོའི་ཚོགས་ཀྱི་གནའ་རྫས་རྟོག་ཞིབ་བྱ་བ་གཙོ་བོ་དེ་རིག་ཚན་མང་བའི་མཉམ་ལས་ཀྱི་རྨང་གཞིའི་ཐོག་སྐུལ་འོད་རཱ་ཏར་བཤར་འབེབས་དང་། ཞིབ་ཚད་མཐོ་བའིDEM(གྲངས་གཞིའི་མཐོ་ཚད་དཔེ་དབྱིབས)རྩ་གསུམ་བཤར་འབེབས་སོགས་ལག་རྩལ་གསར་པ་སྤྱད་པ་དེ་རེད། “ ང་ཚོས་སྐུལ་འོད་རཱ་ཏར་བརྒྱུད་དེ། ཤེའུ་བང་སོའི་ཚོགས་ཀྱི་ལྷོ་བྱང་ངོགས་གཉིས་སུ་བར་གསེང་མེད་པར་བཤར་འབེབས་བྱས་ཏེ། རྗེས་ཤུལ་དང་བང་སོ་སྐོར་ཞིག་གསར་དུ་རྙེད།”

ཤེའུ་བང་སོའི་ཚོགས་སུ་ད་སྔར་གཞི་རྒྱ་ཆེས་ཆེ་བའི་བང་སོ་ཞིག་རྙེད།

       2021ལོའི་ཟླ4པར། 2018ཤེའུ་བང་སོ་དང་པོ“2020ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུའི”གྲས་སུ་ཚུད་པ་དང་། ལོ་དེའི་ཟླ10པར། མཚོ་སྔོན་གཏེར་ལམ་ཤེའུ་བང་སོའི་ཚོགས“ལོ་བརྒྱའི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་ཆེན་པོ་བརྒྱ”ཡི་གྲས་སུ་ཚུད་པ་རེད།

  • ལེ་ཚན་སྔོན་མ།:སྡོད་ཁང་ཐད་ཀྱི་ཆ་འཕྲིན་གསར་ཤོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།