ཟབ་སྦྱོང་གི་མྱོང་གཏམ་ཞིག།

༼ གཡུང་དྲུང་ཚེ་རིང་། ༽        2024-03-01

ལེ་ལོ་གཉིད་ཀྱི་དབང་དུ་མ་སོང་ཞིང། །

བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པ་ཡིས། །

སྨན་པའི་རྒྱལ་པོ་གཡུ་ཐོག་རྣམ་གཉིས་ལ། །

ཡིད་སེམས་དད་པས་ངང་ནས་ཕྱག་གསུམ་འཚལ། །

གང་གི་རིག་པ་ཀློང་ལས་བརྡོལ་བ་ཡི། །

གསོ་དཔྱད་རྒྱུད་ཀྱི་རྒྱལ་པོ་རྒྱུད་བཞི་ཞེས། །

གངས་ཅན་འགྲོ་བའི་བསོད་ནམས་ལས་བྱུང་བར། །

སྒོ་གསུམ་དད་པས་འཇུག་ལ་ཅིའི་མི་སྤྲོ །

སྔོན་བསགས་ལས་ཀྱིས་བོད་ཀྱི་ཡུལ་དུ་སྐྱེས། །

དུས་བསྐལ་བཟང་པས་བདུད་རྩི་སྨན་དང་འཇལ། །

ལུང་དང་རིག་པའི་ཕ་མཐར་མ་ཟིན་ཡང་། །

ཉམ་ཆུང་ནད་པ་སྐྱོང་པའི་སྨན་པར་གྱུར། །

གསོ་རིག་རྒྱ་མཚོའི་ཕ་མཐར་མ་ཟིན་ཡང་། །

དཔལ་ལྡན་རྒྱུད་བཞི་དགོས་འདོད་ནོར་དང་འཇལ། །

མན་ངག་རིམ་པའི་རྒྱུད་པ་མ་ཡིན་ཡང་། །

ཉམས་ཡིག་གདམས་པ་ཐོབ་པའི་སློབ་རྒྱུད་ཡིན། །

ནད་དང་གཉེན་པོ་སྤྲོད་ལུགས་ཁྱད་འཕགས་ཅན། །

གཞུང་དང་ལག་ལེན་གཉིས་སུ་མ་དབྱེ་བར། །

འགྲོ་བ་ནད་པའི་ཟུག་ཕྱུངས་ཚེ་བསྲིངས་པའི།

ཚེ་འཛིན་སྨན་པར་སྤྱི་བོའི་གཙུག་ལ་བཀུར། །

དངོས་གཞི་ཞིབ་འཇུག་རབ་འབྱམས་འབུམ་རམས་ཀྱང་། །

བརྒྱ་གྲངས་སྟོང་ལ་ཟིན་པའི་དུས་བཟང་ཤར། །

རྒྱ་བོད་ཟུང་དང་ཕྱི་ལུགས་གསོ་རིག་གིས། །

སྣ་ཚོགས་ནད་རྣམས་བཅོས་པའི་ཚུལ་ལ་བསྔགས། །

ཁྱད་པར་ཟ་འཐུང་ཉལ་འདུག་རིན་མེད་ངང་། །

བསླབ་བྱ་སློབ་ཁྲིད་མ་ལུས་གནང་སྦྱིན་པའི། །

སྨན་རྩིས་བསྟན་པ་སྐྱོང་བའི་སློབ་དཔོན་གྱི། །

སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པར་ཤོག །

གསོ་བྱེད་སྨན་ལས་བདུད་རྩི་རྣམ་པ་ལྔ། །

ནས་འབྲུ་ཆང་ཕབས་ཇི་ལྟར་བསྙལ་ལུགས་ཀུན།

ལུང་དང་གསང་བ་མན་ངག་གནང་མཛད་པའི། །

སྨན་པ་མཁས་པ་རྣམས་ལ་སྙིང་ནས་འདུད། །

སྨན་པ་མཁས་པ་བརྒྱ་ཚོ་སྟོང་འདུས་དབུས། །

རི་དྭགས་རྒྱལ་པོ་སྤོབས་ཀྱིས་འགྱིང་བ་བཞིན། །

འཆད་པ་གསོ་དཔྱད་གཞུང་ལ་ཐོགས་མེད་པའི། །

བཤེས་གཉེན་དམ་པར་སྒོ་གསུམ་གུས་པས་འདུས། །

གསོ་དཔྱད་བསྟན་པ་གཅེས་པའི་མིག་བཞིན་སྲུང། །

ཐུགས་རྗེ་བརྩེ་བ་འགྲོ་བ་ཡོངས་ལ་དགོངས། །

ཡང་དང་བསྐྱར་དུ་ཟབ་སྦྱོང་གནང་བ་ཡིས། །

གཞི་རིམ་སྨན་བཅོས་ཁ་ཕྱོགས་གསལ་སྟོན་མཛད། །

སུ་དང་གང་གིས་བསྐུལ་བ་མ་ཡིན་ཞིང་། །

རང་བཞིན་སེམས་ནས་བརྡོལ་བའི་མྱོང་གཏམ་འདི། །

ཨ་བུ་གཡང་བྷའི་མིང་ཙམ་འཛིན་པ་ཡིས། །

རེས་གཟའ་ཉི་མའི་མཚན་གུང་སྦྱར་བ་དགེ །

  • ལེ་ཚན་སྔོན་མ།:རྟ་བཤད་མཁས་པ་འཛུམ་ཤོར།
  • ལེ་ཚན་རྗེས་མ།:ཡང་སྙིང་ང་ཚོས་ཕ་ཡུལ་ངོ་ཤེས་ཀྱི་ཡོད་དམ།