ཡང་སྙིང་ང་ཚོས་ཕ་ཡུལ་ངོ་ཤེས་ཀྱི་ཡོད་དམ།

༼ ལུག་རྫི། ༽        2024-03-01

རང་ཉིད་ཀྱི་དབང་པོ་ལྔར་ཡིད་འོང་དུ་སྣང་ཞིང་གཏམ་རྒྱུད་སྣ་ཚོགས་ཁུར་བའི་མཛེས་སྡུག་གི་བསྡུས་གཟུགས་དེ་ལ་ངས་ཕ་ཡུལ་ཞེས་འབོད་ཀྱིན་ཡོད། མིག་ཁར་མཛེས་པའི་རི་ལུང་དག་གིས་སྔོན་བྱུང་གི་གཏམ་རྒྱུད་ཁུར་ཡོད་ལ། སྣ་ལ་ཞིམ་པའི་མེ་ཏོག་ཚོགས་ཀྱིས་བྱིས་དུས་ཀྱི་སྤྲོ་སྣང་གླེང་ཡོང་། རྣ་བར་སྙན་པའི་གཡང་ཟོག་ངུར་སྒྲ་དང་ལུག་ཆུང་འབའ་སྒྲས་ཆུང་གྲོགས་འཆམ་པོའི་མཛའ་དུང་བརྗོད་ཡོང་ལ། ཁ་ལ་ཞིམ་པའི་ལག་ཟས་ཐུན་རེས་ལུས་ཟུངས་བསྐྱེད་པའི་དྲིན་ཆེན་ཨ་མའི་བྱས་རྗེས་བསྒྲགས་ཡོང་། ལུས་ལ་བདེ་བའི་བོད་ལྭ་དང་ལྟོ་བར་ཕན་པའི་དྭངས་བསིལ་ཆུ་མིག་གིས་རང་གི་མེས་པོའི་འཚོ་སྟངས་ལབ་ཡོང་བས། མེས་པའི་ཞབས་དྲུང་དུ་བཅར་འདོད་ན་ཐོག་མར་ཕ་ཡུལ་ལ་རང་སེམས་དྲོན་མོ་གླན་དགོས།

སྙིང་ཉེ་བའི་ཕ་མ་བཞུགས་ཙམ་གྱིས་གནས་དེ་ལ་ཕ་ཡུལ་གྱི་མིང་མི་ཐོབ་ལ། རི་ལུང་དང་ཡུལ་སྐད་ཤེས་ཙམ་གྱིས་ཕ་ཡུལ་ངོ་ཤེས་པའི་གྲས་སུའང་མི་ཚུད་དེ། ཕ་ཡུལ་ནི་ཚོགས་པ་ཆེན་པོ་ཞིག་གོ། ། ཕ་ཡུལ་ངོ་ཤེས་པར་འདོད་ན། ཡུལ་སྐད་དང་ཡུལ་སྲོལ། དགོན་པ་དང་ཆོས་ལུགས། རི་ཀླུང་དང་ས་ཞིང་། ཁྱིམ་ཚང་དང་རིགས་རུས་ལ་སོགས་པར་རྒྱུས་ལོན་ནས་འདྲིས་པར་གྱུར་ཅིང་། རུས་རྐང་དང་དྲན་ཡུལ་ལ་འབྱར་བ་ལྟ་བུ་ཞིག་དགོས་ཀྱི། བུ་རབས་ཚ་རྒྱུད་ལ་ངོ་སྤྲོད་བྱ་རྒྱུའི་འགན་དེ་ཁྱོད་ལ་ཡོད་དོ། །

དེང་སང་ལོ་གཞོན་མང་པོའི་སེམས་སུ་ཕ་ཡུལ་ཞེ་ན། ཕ་མ་དང་ཡུལ་མི་ལས་འཁོར་རྒྱུ་མེད་པ་འདྲ་སྟེ། ཡིག་ཐོག་གི་རིག་གནས་ཀྱི་དབང་བཙན་པས་ཁོ་ཚོ་རང་བྱུང་ཁམས་དང་ཉེ་བར་གཅར་ཐབས་མ་བྱུང་བའི་སྟབས་ཀྱིས། རི་གཟར་ལ་འཛེགས་པའི་དཔའ་མེད་པ། ཡུལ་ལྷ་བསྟོད་པའི་སྲོལ་མི་ཤེས་པ། རྟ་ལ་བཞོན་པའི་རྩལ་གྱིས་དབུལ་བ། ཁྱིམ་གྱི་སྒོ་ཟོག་དང་ས་ཞིང་ངོས་མི་ཟིན་པའི་བྱིས་དུས་ནས་འཕྲུལ་ཆས་ཀྱི་བྲན་དུ་ཚུད་པའི་མི་རབས་གསར་པ་དེས། རྒྱུན་པར་གློག་ཆས་ལ་སེམས་པ་ཁེན་ནས་འདུག་པ་ལས། ལ་ལུང་གང་སར་གཏམ་རྒྱུད་ཀྱི་ས་བོན་གཏོར་མྱོང་མེད་པས། རི་ཆུ་དང་སྒོ་ཟོག་ལ་བརྩེ་དུང་ཆུང་ལ། རྒན་འཁོགས་དང་ཡུལ་མི་ལ་ཁ་བརྡས་ཕོངས། སྐབས་རེ་ལབ་པའི་ཚེ་ཉེ་འཁོར་གྱི་ཁོར་ཡུག་ཧ་ཧ་དགོད་སྒྲས་གང་བར་བྱེད། དཔེར་ན། རི་མཐོན་པོ་ལ་རི་ཆེན་པོ་དང་། ཆུ་རྙོག་མ་ལ་ཆུ་རྨུག་པོ། ཟས་ཕོར་བ་དོ་བཟས་པ་ལ། ཕོར་གཉིས་བཟས་པ་ཡིན་ལ་སོགས་པའི་དགོད་བྲོ་བའི་སྐད་ཆ་སྣ་ཚོགས་གོ་རྒྱུ་འདུག།

ཕ་ཡུལ་ནི་ཨ་མྱེས་ཀྱི་སྐད་ཆའི་ནང་ནས་འཚོལ་དགོས་ལ། ཕ་མའི་ལག་པའི་གས་སྲུབས་ནས་ཀྱང་ཉུལ་དགོས། ཕ་ཡུལ་ནི་བསྐལ་པ་དུ་མར་མིང་གི་ནགས་ཀློང་དུ་ཞག་སྡོད་བྱས་མྱོང་བས། ལོ་རྒྱུས་ཀྱི་རྒྱུན་རིང་བའི་རི་ཆུ་ཞིང་ག་དང་། གཡག་ཟོག་སྒོ་བཞིའི་མིང་ངེས་པར་ཤེས་དགོས་ལ། མིང་ཐོགས་ས་གང་ཡིན་པ་དེ་དང་རྐང་འོག་གི་ས་ལག་མཐིལ་ཙམ་ཡང་གཅེས་མེད་དུ་གཞན་ལ་བཙོང་བའམ་ཕངས་མེད་དུ་བསྐྱུར་མི་རུང་སྟེ། འུ་ཅག་གི་རྒྱུད་འཛིན་པ་དག་རབས་མང་པོར་འཚོ་ཞིང་གནས་དགོས།

ཕ་ཡུལ་གྱི་སྣོད་བཅུད་གཉིས་ཀས་གཞིས་སྡོད་པའི་སེམས་ངོགས་སུ་རྩ་ཆེན་གྱི་འདུ་ཤེས་བསྐྱེད་མིན་བཤད་ཚོད་མི་ཐིག་ནའང་། དེ་ལ་ཡུལ་གྱར་བ་ཤིན་ཏུ་འདང་ཆེ་བས་རང་སེམས་སུ་དྲན་གདུང་གི་རྡོ་རིང་བསླངས་ཡོད་པ་ནི། ཕ་སྐད་བརྗེད་རུང་ཕ་ཡུལ་མ་བརྗེད་པའི་བྱེས་པ་མང་བར་དཔགས་ན་གསལ་པོར་ཤེས་ཡོང་། །

  • ལེ་ཚན་སྔོན་མ།:ཟབ་སྦྱོང་གི་མྱོང་གཏམ་ཞིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།