དྲན་པ་ནང་གི་ལྷ་མོ་ཞིག།

རང་མདངས།        2024-02-05

          འདི་ནས་མི་ལོ་དུ་མའི་ཡར་ནང་ན། །

ཚེ་རབས་སེམས་ཀྱི་བྱམས་པ་བཙལ་ཕྱིར་དུ། །

དཀའ་སྡུག་དཀྱོག་ལམ་རིང་མོ་བརྒལ་ནས་ནི། །

འཁོར་བ་པང་གི་དབུས་ནས་ལན་བརྒྱར་རྒྱུག །

ཆུ་སྟག་རབ་བྱུང་ལོ་ཡི་ནང་མཚེས་ཀྱི །

ལོ་སྟོད་ཟླ་བ་དང་པོའི་ཟླ་མཇུག་ལ། །

བསགས་པའི་སེམས་ཀྱི་དགའ་ཚོར་བརྗོད་པ་ལས། །

འཛུམ་པའི་ཟུར་ཐིགས་ཙམ་གྱིས་འུ་གཉིས་འདྲིས། །

འགྲོ་ལམ་ཕྱོགས་ཞེན་སོ་སོར་ཡུལ་གྱིས་ཁྱད། །

ནང་སེམས་དྲན་པའི་ཉག་གཅིག་ལྷན་དུ་རྩེན། །

སྟབས་ལེགས་ཁ་པར་འདི་ཡི་དྲྭ་ངོས་སུ། །

གསང་ཚིག་ཡིད་ཀྱི་འཆར་སྣང་མཉམ་དུ་སྦྲེལ། །

འདྲིས་ནས་ནམ་ཟླ་མང་ཡང་གསེར་ཞལ་ཞིག །

འཕྲད་ནས་འཛུམ་པའི་ལང་ཚོ་མ་རེག་ཀྱང་། །

འུ་གཉིས་བརྩེ་དུང་རྣལ་མའི་རང་གཤིས་ལ། །

འགྱུར་མེད་དམ་ཚིག་མདུད་པ་བོར་མྱངས་མེད། །

དབྱར་གྱི་མེ་ཏོག་མཛེས་པས་ཁྱོ༵ད་གཅི༵ག་དྲ༵ན། །

སྟོན་འདབ་ས་ལ་ལྷུང་དུས་ཁྱོ༵ད་གཅི༵ག་དྲ༵ན། །

དགུན་ཟླའི་གྲང་ངར་ཀློང་ནས་ཁྱོ༵ད་གཅི༵ག་དྲ༵ན། །

དཔྱིད་ཀྱི་ཁུ་བྱུག་གྲགས་དུས་ཁྱོ༵ད་གཅི༵ག་དྲ༵ན། །

ཉིན་དཀར་ཁྲི་གདུགས་འོག་ནས་གླུ་ཟི༵ག་མཆོད། །

སྨྱུག་རྩེ་ཕྱག་ཟུང་ཁ་ནས་དབྱངས་ཟི༵ག་འཐེན། །

དྲན་པའི་བདག་ཡིད་དབུས་ནས་མྱི་ཟི༵ག་སྒོམ། །

ཚོར་བའི་དགའ་སྐྱོ་མྱོས་པའི་མགུར་ཟི༵ག་ལེན། །

ཞོགས་པའི་སྐྱ་རེངས་ཁྲོད་ཀྱི་མཛའ་མོ་ཁྱེད། །

སྦྲང་དཀར་རྩམ་པའི་ཟས་ཤིག་མིན་ཡང་རུང་། །

བདག་ཡིད་བཀྲེས་སྐོམ་སེལ་བའི་ཞོགས་ཇ་སྟེ། །

ཉལ་ཁྲིའི་མལ་ས་འདི་ནས་དྲན་པས་ཚིམ། །

ཁྲི་གདུགས་ཉི་མའི་འོག་ན་གོམ་གྱིས་བགྲོད། །

བཞུད་ལམ་སྣེ་མོའི་གསེབ་ན་རོགས་ཞིག་འཕྲད། །

གྲོགས་མཐུན་ཕྱི་ཡུལ་མེད་ཀྱང་ནང་གི་སྟེ། །

ཨ་ཅེ་ཚེ་རིང་མཚོ་མོ་དྲན་པས་ཡིན། །

ནམ་གུང་ཟླ་བའི་ཁྲོད་དུ་རྨི་ལམ་རྨི༵ས། །

རྨི༵ས་པའི་འཆར་ཡན་མེ་ཏོག་བྱམས་པ་ཁྱོ༵ད། །

ཁྱོ༵ད་ཉིད་བདག་གི་སྣང་བ་ཡོད་ཚད་གཅི༵ག །

གཅི༵ག་པུ་ཁྱོད་ཉིད་ལས་གཞན་སུ་གང་དྲན། །

ནམ་ཟླའི་དུས་ཚོད་ཀློང་གི་མེ་ཏོག་ཁྱོད། །

སད་སེར་ཁ་བའི་བཙན་གྱིས་མ་གསུབ་ན། །

རྐང་དྲུག་བུང་བ་ང་དང་ཚེ་གཅིག་འདིར། །

རབ་མཛེས་སྐྱེད་ཚལ་འདི་རུ་ལྷན་དུ་འཚོ། །


  • ལེ་ཚན་སྔོན་མ།:དུང་སེམས་འོ་མའི་རང་མདངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།