སྦྲ་འཚོ། 2024-01-30
སེམས་པའི་ཕྱི་ནང་ཀུན་ཏུ་དགུ་ཚིགས་ཀྱི་གཙང་པོ་དྲག་ཏུ་བཞུར།
འཁྱག་སིབ་སིབ། སྨྲེང་ཤུར་ཤུར།
མིག་ཀོང་ལས་མྱ་ངན་གྱི་མིག་ཆུའི་རྦ་རླབས་སྐྱེས།
ཡིད་ཡུལ་གྱི་མེ་ཏོག་གི་འདབ་མ་ལྷུང་བའི་སྒྲ་ནི།
ནང་སེམས་ཀྱིས་མྱོང་བ་ལས།
བདག་གིས་བལྟས་བལྟས་ཀྱང་མི་མཐོང་ལ།
བདག་གིས་བསྣམས་བསྣམས་ཀྱང་མི་ཚོར་བར་འདུག།
གང་ཞིག་ལ་བུད་སོང་བའི་རླུང་བུ་ཞིག་མ་ཡིན་ལ།
གང་ཞིག་ཏུ་བསྡད་སོང་བའི་འདབ་ལོ་ཞིག་ཀྱང་མ་ཡིན་ནོ།།
གཅོང་རོང་དང་གཡང་ས་རུ་ལྷུང་བའི་
རྡོ་ཐོག་གི་རི་མོ།
ཁ་བ་དང་བུ་ཡུག་གི་ཁྲོད་དུ་ནུབ་ཀྱིན་པའི་
མཚན་མོའི་སྐར་ཚོགས།
ནང་སེམས་ཀྱི་ས་ཚིགས་མཐར་ཐུག་ཅིག་ལ་སླེབས་པས།
ནམ་རྒྱུན་ཟླ་བའི་འཕེལ་འགྲིབ་ལ་སེར་སྣ་སྐྱེས།
དམར་པོ་མེ་དང་འདྲ་བའི་འཚིག་གིན་པའི་དམར་ཆུང་གི་སེམས་པས།
ནམ་རྒྱུན་ཐག་རིང་གི་ཡུལ་གྲུ་ཞིག་ལ་ཉན་དགོས་བྱུང་།
འཁྱག་རོམ་དང་རླུང་འཚུབ་ཀྱིས་གཙེས་པའི་ངོ་གདོང་སྐྱ་བོ།
ནམ་མཁའ་ལྟ་བུའི་དྲན་གདུང་དང་སྐྱ་ཟད་སྔོ་སྡུག་ལྟ་བུའི་ཉམ་
དམས་སུ་གྱུར་པའི་
རྨ་ཁ་དང་ཁྲག་རྒྱུན་གསེབ་ཀྱི་བྲག་རྡོར་གྱུར།
ད་ལྟ་ལའང་ད་དུང་ཕུ་ཐག་རིང་བའི་འཕྲང་ལམ་དོག་མོ་དེ་རྒལ་བཞིན།
དམིགས་འབེན་བྲལ་བའི་ཐག་རིང་གི་ཡུལ་གྲུ་ཞིག་ཏུ།
འུ་ཐུག་པའི་ཐ་སྙད་ཀྱི་ནགས་ཀླུང་ནས།
ན་བུན་སྐྱ་བོ་དེ་ལ་ལག་པ་བསྲིང་དགོས་སེམས་པ་གླན་དགོས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10