རྫ་ཤུལ་བློ་བཟང་། 2024-01-26
མི་ཤིག་དབྱངས་འགྲོས་ཚོར་བའི་ཁམས། །
འགྱུར་མེད་རི་མོ་བརྩེ་བའི་གཤིས། །
འཁོར་བ་མདང་གི་རྨི་ལམ་ལས། །
ལས་ཀྱི་གཏམ་རྒྱུད་རེ་རེ་གླེང་། །
དྲན་པ་རེ་རེ་ཕྱེ་ལེབ་བཞིན། །
རྒྱང་དུ་ཕྱོགས་ཤིང་མདུན་དུ་ལྷག །
སྤྲོས་པ་རེ་འགའ་འཁྲུལ་སྣང་ལྟར། །
ཆུ་གཟུགས་རི་མོའི་ཚུལ་དུ་སྣང་། །
སྐྱེ་བ་ཤེལ་དཀར་རྨུ་ཐག་ལས། །
སྣང་བ་འཇའ་ཡི་དཀྱིལ་འཁོར་དུ། །
བརྩེ་འདང་འོད་ཟེར་སྣ་ལྔ་འཁྱུད། །
མ་བཅོས་ཚིག་གི་མེ་ཏོག་འཁྲུངས། །
མཚན་མོའི་ཟླ་འོད་བསིལ་འཇམ་ལྡན། །
ཀུ་མུད་རྒྱས་པའི་དགའ་ཚལ་ནས། །
ཞལ་རས་དཀར་གསལ་རྒྱས་པའི་མདངས། །
སེམས་ཀྱི་དབུས་སུ་ལྷག་སྟེ་འཚལ། །
སེམས་པ་དངུལ་དཀར་དྭངས་ཤིང་གསལ། །
མཚན་ལྗོངས་ཟླ་འོད་ཡིད་ཁར་བཞེངས། །
ཚོར་བའི་རྒྱུད་སྐུད་ངང་གིས་འཁྲོལ། །
སྡུག་བསྔལ་བྲལ་བའི་གླུ་ཞིག་བླངས། །
གཟུང་འཛིན་སྣང་བ་སྤྲོས་པའི་གར། །
དར་ལྕོག་བཞིན་དུ་སྡེབ་སོང་ངོ་། །
ཁྲག་རྒྱུན་རླུང་གི་རྒྱུ་བ་ཡང་། །
འཁོར་འདས་ཉིན་སྲིབ་དག་ཏུ་འགྲིམས། །
སྐྱེ་འཆི་གཉིས་ཀྱི་ཟ་མ་ཏོག །
ལུས་ཀྱིས་བཏེགས་ཤིང་རུས་པས་ཁུར། །
གྲིབ་མའི་ནང་གི་གཟུགས་བརྙན་དེ། །
དགའ་སྐྱོ་གཉིས་ཀྱི་འདུག་རོགས་ཡིན། །
ལས་ཀྱི་རྟེན་འབྲེལ་དར་དཀར་ལ། །
མིག་ཆུའི་རིན་ཆེན་སྣ་ལྔས་སྤྲས། །
སེམས་ཀྱིས་ཕྱོགས་པའི་ལྷ་མོ་ལ། །
ཕྱག་རྟགས་ཤིག་གི་ཚབ་ཏུ་ཕུལ། །
བཅོས་སུ་ཡོད་ན་ལོས་ཀྱང་བཅོས། །
དགའ་སྐྱོ་དག་ཀྱང་བསྒྱུར་ནས་འགྲོ། །
ནམ་ཞིག་རང་ཉིད་འཆི་བའི་ཚེ། །
ཚེ་ཡི་རྣམ་ཤེས་དཀར་པོར་ངེས། །
རྩོམ་གསར། 10