སི་ཁྲོན་ཞིང་ཆེན་གྱི་སྲིད་གཞུང་ལས་དོན་སྙན་ཞུ་མྱུར་ཀློག།

    ཁམས་པའི་བརྙན་འཕྲིན།    2024-01-25

    ཟླ་བ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་འགོ་ཚུགས། གྲོས་ཚོགས་ཐོག་ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧོང་ཆང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ལས་ཀའི་སྙན་ཞུ་ཕུལ།


སི་ཁྲོན་ཞིང་ཆེན་གྱི་སྲིད་གཞུང་ལས་དོན་སྙན་ཞུ་མྱུར་ཀློག།

ཁྲེང་ཏུའུ་དང་ཁྲུང་ཆིང་གཅིག་འཐུས་ལས་སྒོ་ཡག་པོ་བྱུང་ཡོད།

    གྲོས་ཚོགས་ཐོག། ཧོང་ཆང་གིས། ༢༠༢༣ལོར་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱི་འཐབ་ཇུས་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་ས་ཁོངས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་རྣམ་པ་རྒྱུན་མཐུད་ངང་ལེགས་སུ་བཏང་། སི་ཁྲོན་དང་ཁྲུང་ཆིང་གི་ཏང་སྲིད་མཉམ་འབྲེལ་གྲོས་ཚོགས་ཐེངས་གཉིས་འཚོགས་ཤིང་། མཉམ་སྐྲུན་གྱི་གཙོ་གནད་ལས་གཞི་༢༤༨ལ་ལོ་འཁོར་གྱི་མ་འཇོག་སྒོར་དུང་ཕྱུར་༤༡༣༨.༤བཏང་སྟེ། ལོ་འཁོར་གྱི་འཆར་གཞི་ལས་༢༠%བརྒལ་ཡོད་པ་རེད། སི་ཁྲོན་གྱི་གྲོང་ཁྱེར་༨དང་ཁྲུང་ཆིང་གི་ས་ཁུལ་༨ཁ་སྤྲོད་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་དབུས་རྒྱུད་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།  རླངས་འཁོར་དང་། གློག་རྡུལ་ཆ་འཕྲིན། སྒྲིག་ཆས་བཟོ་སྐྲུན། ཁྱད་ལྡན་འཛད་རྫས་སོགས་འཛམ་གླིང་རིམ་པའི་ཐོན་ལས་ཚོགས་པ་དང་། སི་ཁྲོན་ཧྲི་ཏའེ་དང་ཁྲང་ཨན་རླངས་འཁོར་གྱིས་མཉམ་དུ་མ་འཇོག་བྱས་པའི་༣༠GWhསྒུལ་ཤུགས་གློག་རྫས་སོགས་ཐོན་ལས་མཉམ་ལས་ལས་གཞི་ཁག་གཅིག་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད། སི་ཁྲོན་དང་། ཁྲུང་ཆིང་གི་གཅིག་འཐུས་དོན་ཚན་ཁག་༣༡༡ལས་རིམ་རྩིས་བྱས་ན། མི་ཐེངས་ཁྲི་༡༥༠༠ལྷག་ཙམ་བསྒྲུབས་པ་དང་། གྲོང་ཁྱེར་གཉིས་ཀྱི་འཚོ་བར་གྲོང་ཁྱེར་གཅིག་ལྟ་བུར་གྱུར་ཡོད། ཁྲེང་ཏུའུ་ཡིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བའི་སྤྱི་གླིང་གྲོང་ཁྱེར་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་ནུས་པ་ཐོན་ཡོད། ཁྲེང་ཏུའུ་ཡི་གྲོང་ཁྱེར་ཚོགས་པ་འཛུགས་སྐྲུན་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ནས། ཐེན་ཧྥུའུ་སྤེལ་ཁུལ་གསར་པ་དང་ཞིང་ཆེན་རིམ་པའི་ཁུལ་གསར་༤ཡི་ཐེག་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། ཕན་ཀྲི་ཧྭ་ཐུན་མོང་ཐོག་ཕྱུག་འགྱུར་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་བཏང་ཡོད། དར་རྒྱས་ཞན་པའི་རྫོང་ཁོངས་ཀྱི་༣༩མཐའ་འདེགས་རང་བཞིན་གྱི་རོགས་སྐྱོར་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཞེས་གསུངས།

ཡུལ་སྐོར་ལས་རིགས་སླར་གསོ་དར་རྒྱས་ཆེན་པོ་བྱུང་ཡོད།

     དཔལ་འབྱོར་སླར་གསོ་བསྐྱར་འཕར་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ནས། ཧོང་ཆང་གིས། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་ཆེར་གཏོང་བའི་དོན་ཚན་༣༦དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་དོན་ཚན་༢༢། ཚོང་རའི་གསོན་ཤུགས་སྔར་ལས་ལྷག་པར་སྐུལ་སློང་བྱེད་པའི་དོན་ཚན་༡༩་སོགས་སྲིད་ཇུས་ཀྱི་སྡེབ་སྒྲིག་ཐབས་ཇུས་བཏོན་ཏེ། དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་འགྲོ་གྲོན་གསར་སྣོན་དང་ཁྲལ་སློག་ཕྱིར་འགྱངས་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར་༨༦༠སྒྲུབ་གཉེར་བྱས་ཡོད། འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་གཏོང་རྒྱུ་དེ་དམིགས་བསལ་གྱི་གོ་གནས་སུ་འཇོག་པ་དང་། ཞིང་ཆེན་ཏང་ཨུ་ཡིས་འཛད་སྤྱོད་ལ་སྐུལ་འདེད་དང་ནང་མཁོ་རྒྱ་སྐྱེད་གཏོང་བའི་ཆེད་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་དང་། སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར་རྒྱལ་ཡོངས་ཀྱི་ཨང་དྲུག་པ་ནས་ཨང་ལྔ་བར་འཕར་ཡོད། ལྷག་པར་དུ་ཡུལ་སྐོར་ལས་རིགས་སླར་གསོ་ཤུགས་ཆེན་བྱུང་ནས་ཡུལ་སྐོར་བ་མི་ཐེངས་དང་ཡུལ་སྐོར་ཡོང་འབབ་ཁྱོན་ཡོངས་ནས་རིམས་ནད་མ་ཐོན་གོང་གི་ཆུ་ཚད་ལས་བརྒལ་བ་དང་། འཛམ་གླིང་གི་ཆེས་ཆེ་བའི་མིས་བཟོས་གནའ་ཤིང་བར་ཁྱམས་སོགས་ནི་ཆེས་དགའ་བསུ་ཐོབ་པའི་མཛེས་ལྗོངས་དུ་གྱུར་ཡོད། ནུབ་རྒྱུད་དངུལ་རྩའི་ལྟེ་གནས་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་རྒྱལ་ཡོངས་ཀྱི་ཨང་བརྒྱད་པར་གནས་ཡོད། ཕྱི་ཕྱོགས་ཚོང་པའི་མ་གཏོང་ལག་བསྟར་དོན་འཁྱོལ་བྱེད་ཚད་དབུས་ནུབ་རྒྱུད་ཁུལ་གྱི་མདུན་གྲལ་དུ་ཚུད་ཡོད། སི་ཁྲོན་དུ་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་༥༠༠ལས་༣༨༡གི་གཞི་ཆགས་ཡོད་ཅེས་གསུངས།

ན་ནིང་གི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་དྲུག་ལས་བརྒལ།

     ༢༠༢༣ལོའི་ལས་ཀར་ཕྱིར་མིག་ལྟ་སྐབས། ཧོང་ཆང་གིས། ༢༠༢༣ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། ལོ་གསུམ་རིང་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ནས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་གཏོང་བའི་ལོ་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་ལས་དོན་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་སྟེ་ཤུགས་རྒྱག་དགོས་པ་བཞིའི་བླང་བྱ་གལ་ཆེན་བཏོན་ནས་མཐོ་ས་གཉིས་དང་། རྟེན་གཞི་གཉིས། སྲུང་ཡོལ་གཅིག་བཅས་གཏོད་པའི་ལས་འགན་སྤྲད་ཡོད། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྐབས་གསར་པའི་ཞིང་ཆེན་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།  ཅན་བཞི་མཉམ་སྤེལ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས། ཁོངས་ལྔ་མཉམ་དར་བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཏན་ཏིག་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ནང་མཁོ་རྒྱ་སྐྱེད། གྲུབ་ཚུལ་ལེགས་འགྱུར། ཡིད་ཆེས་ཆེར་སྐྱེད། ཉེན་ཁ་སྔོན་འགོག་དང་སེལ་ཐབས་བཅས་བྱེད་པར་ཤུགས་བརྒྱབ་ནས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་ལེགས་གྲུབ་བྱུང་ཡོད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་༦ལས་བརྒལ་ཏེ་༦%འཕར་བ་དང་། འཕར་ཚད་དེ་སྔོན་གྱི་དཔལ་འབྱོར་ཞིང་ཆེན་ཆེན་པོ་བཅུའི་ཁྲོད་དང་ཞིང་ཆེན་གཞན་པ་གསུམ་དང་མཉམ་དུ་ཨང་དང་པོར་གནས་ཡོད།  ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་༡༣.༣%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་༦.༡%འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་བརྒྱ་ཆ་༤.༤%འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་༩.༢%འཕར་ཡོད་ཅེས་གསུངས།

ཕྱི་ཚུལ་རྣམ་པའི་གླེང་སྟེགས་སོགས་ཀྱི་གནད་དོན་ལེགས་བཅོས་བཏང་།

    བརྗོད་དོན་གཙོ་བོའི་སློབ་གསོ་ནན་མོ་དང་དོན་གཉེར་བྱེད་པའི་ཐད་ནས་ཧོང་ཆང་གིས། བསམ་བློ་སློབ་སྦྱོང་དང་ཏང་གཤིས་ཇེ་དྲག ལག་ལེན་གཙིགས་འཛིན། བྱས་རྗེས་གསར་འཇོག་བཅས་ཀྱི་སྤྱིའི་བླང་བྱར་གདེང་ཚོད་བཟ་མོ་ཐོབ་པ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་འཛིན་པ་དང་། སྤུས་མཐོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བོ་བཏོན་ནས། ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་འགལ་བའི་ཉོག་ལས་དང་སྒྲིག་འགལ་བུན་ལེན་གྱིས་སྲིད་འབྲས་ལེན་པའི་ལས་གཞི་དང་གཞི་གྲངས་བསྡོམས་རྩིས་རྫུན་བཟོ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། ས་གནས་ཁག་གིས་བསམ་བློ་དང་བྱ་སྤྱོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་ཏུ་སྐྱོད་པར་ཁྲིད་སྟོན་བྱས་ཡོད། ཆེས་མངོན་གསལ་དང་། ཆེས་ཁ་ཚ་དགོས་གཏུག་ཆེ་བ། སྔོན་ཐོན་དང་བར་ཐག་ཆེས་ཆེ་བ། མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་པའི་གནད་དོན་ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་ཆེས་ཆེར་བྱས་པ་དང་། ཕྱི་ཚུལ་རྣམ་པའི་གླེང་སྟེགས་དང་ཞིབ་བཤེར་བྱེད་ཐལ་ཤོར་བ། ཡིག་ཆ་དང་ཚོགས་འདུ་མང་བ་སོགས་ཀྱི་འབུར་ཐོན་གནད་དོན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ལས་ཀའི་སྤྱོད་ཚུལ་མུ་མཐུད་ལེགས་བཅོས་བཏང་ཡོད་ཅེས་གསུངས།

སྤྱི་པའི་སྔོན་རྩིས་ལས་དམངས་འཚོའི་གཏོང་སྒོས་བརྒྱ་ཆའི ༦༥.༧ཟིན།

    གྲོས་ཚོགས་ཐོག་ཧོང་ཆང་གིས། ༢༠༢༣ལོར། སི་ཁྲོན་གྱིས་དམངས་འཚོའི་བྱ་གཞག་གི་མི་འདང་གསབ་པའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་བ་དང་། སྤྱི་པའི་ཞབས་ཞུ་མཁོ་འདོན་དང་འགན་སྲུང་ནུས་པ་ཆེ་རུ་ཕྱིན་ཡོད། ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དམངས་འཚོའི་ཐད་གཏོང་སྒོ་༦༥.༧%ལས་བརྒལ་ཡོད། དམངས་འཚོའི་དོན་དངོས་༣༠ཡི་ལོ་འཁོར་ལས་འགན་ཡོངས་སུ་ལེགས་འགྲུབ་བྱུང་ཡོད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་༤.༦%དང་༧%འཕར་ཡོད། ན་གཞོན་གྱི་ལས་ཞུགས་དང་ལས་གཏོད་ལ་སྐུལ་འདེད་གཏོང་བའི་དོན་ཚན་༣༥བཏོན་པ་དང་། སྲིད་ཇུས་རང་བཞིན་གྱི་ལས་གནས་ཁྲི་༣༠ལས་བརྒལ་བ་འདོན་སྤྲོད་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་༡༠༤གསར་དུ་ལས་ཞུགས་ཐུབ་པ་དང་། ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐུབ་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་དང་། མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་རྒྱལ་ཡོངས་ཀྱི་ཨང་རིམ་མངོན་གསལ་མཐོ་རུ་ཕྱིན་ཡོད། སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་༤༨༩༢དང་། སློབ་ཁྲིད་ས་ཚིགས་༤༣༥༢ལེགས་སྒྱུར་ལེགས་སྒྲིག་བྱས་པ་དང་། ཚད་བརྒལ་འཛིན་གྲྭའི་གྲངས་འབོར་ཁྱོན་ཡོངས་ནས་མེད་པར་བཟོས་ཤིང་། ཉུང་གཏོང་གཉིས་ཀྱི་ལས་དོན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།  རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་༤མང་དུ་བཏང་བ་དང་། སན་ཞིན་ཏུའེ་ཁག་དང་པོའི་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་དཔེ་སྟོན་ཁུལ་དུ་བདམས་པ་དང་། རྟེན་རྫས་བཤམས་མཛོད་ཁང་གསར་པ་བསྐྲུན་ནས་སྒོ་ཕྱེ་བས། སན་ཞིན་ཏུའེ་རིག་གནས་ཀྱི་འོད་སྟོང་ཕྱོགས་བཞིར་འཕྲོ་ཞེས་གསུངས།

སི་ཁྲོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀ་ཡག་པོ་བསྒྲུབས།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གླེང་སྐབས། ཧོང་ཆང་གིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དེ་བས་ཡག་པོ་ལས། སྡུག་ཏུ་གཏོང་མི་རུང་བའི་འགྱུར་མེད་མཐའ་ཚད་བརྟན་སྲུང་བྱེད་དགོས། སི་ཁྲོན་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ལོ་སྔོན་མ་དང་བསྡུར་ན་རྒྱལ་ཡོངས་ཀྱི་ཨང་བཅུ་གསུམ་པ་ཡིན་ལ།  ལོ་སྔོན་མ་ལས་ཨང་གྲངས་གསུམ་འཕར་ཡོད།  རྒྱལ་ཁབ་༢༠༣གྱི་རྒྱུགས་རའི་ཆུ་སྤུས་ལེགས་ཚད་ཐོག་མར་༡༠༠%ཟིན་ནས། སྤུས་ཚད་མཐོན་པོས་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་དང་། མཛོད་དགེ་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུའི་ལས་འགན་གཞི་རྩའི་ཆ་ནས་ལེགས་བསྒྲུབས་བྱུང་ཡོད། ས་ཁུལ་༩ཡིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་ཁུལ་ཁག་བདུན་པ་དང་གསེར་རི་དངུལ་རིའི་ལག་ལེན་གསར་གཏོད་རྟེན་གཞི་བསྐྲུན་ཡོད། རེས་སྐོར་གཉིས་ཀྱི་ཀྲུང་དབྱང་ལྟ་ཞིབ་དང་། དེ་བཞིན་ཡང་ལྟ་བྱས་པའི་ལས་འགན་༩༥.༡%ལེགས་བསྒྲུབས་བྱས་པ་དང་། རྒྱལ་ཁབ་ཀྱིས་རྩིས་སྤྲད་པའི་འབྲི་ཆུ་དང་རྨ་ཆུའི་སྐྱེ་ཁམས་ཁོར་ཡུག་གནད་དོན་༨༠.༩%བཅོས་སྒྲིག་བྱས་ཡོད་ཅེས་གསུངས།

སི་ཁྲོན་གྱིས་ཞིང་དཔོན་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས།

    གྲོས་ཚོགས་ཐོག་ཧོང་ཆང་གིས། སི་ཁྲོན་གྱིས་ཞིང་དཔོན་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁྲེང་ཏུའུ་བདེ་ཐང་དང་ཞིང་ཆེན་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོང་ཆེད་དོན་བཅོས་སྒྲིག་ཤུགས་ཆེན་སྤེལ་ནས། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་༥༠ལྷག་ཇེ་མང་བཏང་བ་དང་། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་༤༢༥གསར་སྐྲུན་དང་བསྒྱུར་བཀོད་བྱས་ཡོད། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་༧༡༨.༨ཟིན་ནས། ལོ་༢༦ནང་ཆེས་མཐོ་ཤོས་ཡིན་ལ། སྣུམ་ཐོན་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་རེད།  ཕག་བཤས་གཏོང་ཚད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་དོན་ཚན་༩ཡི་བྱེད་ཐབས་དང་ཕག་གསོའི་ཐོན་ལས་དེང་རབས་ཅན་གྱི་བསམ་འཆར་བཏོན་ནས། ཕག་བཤས་གཏོང་ཚད་ཁྲི་༦༦༦༢.༧ཟིན་པས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རྒྱལ་ཁབ་ཀྱིས་སྤྲད་པའི་ལས་འགན་ལས་ལྷག་མ་གྲུབ་ཡོད་ཅེས་གསུངས།

༢༠༢༤ལོའི་ཐོན་སྐྱེད་བསྡོམས་འབོར་སྔོན་དཔག་ལྟར་ན་༦%ཡས་མས་འཕར་རྒྱུ། 

   ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་༦%ཡས་མས་འཕར་བར་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས་ཁྲི༨༥གསར་དུ་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་༥.༥%ཡས་མས་ཡིན་པ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་༣%ཡས་མས་སུ་འཛིན་རྒྱུ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དང་གྲོང་མིའི་ཡོང་འབབ་འཕར་ཚད། དཔལ་འབྱོར་འཕར་ཚད་བཅས་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ་བྱ་རྒྱུ། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་༧༡༥ཡན་རྒྱུན་འཁྱོངས་ཐུབ་པ། རྒྱལ་ཁབ་ཀྱིས་སྤྲད་པའི་ནུས་བསྲི་སྙིགས་འཕྲི་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་འགན་ལེགས་འགྲུབ་བྱ་དགོས་ཞེས་གསུངས།

དཔལ་འབྱོར་འཛུགས་སྐྲུན་དང་སྤུས་མཐོའི་འཕེལ་རྒྱས་ཆེས་གལ་ཆེན་རེད།

    ལོ་ཧྲིལ་བོའི་འཕེལ་རྒྱས་དམིགས་ཚད་གླེང་སྐབས་ཧོང་ཆང་གིས། དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་བའི་ལས་དོན་དང་འཕེལ་རྒྱས་སྤུས་ཚད་མཐོར་གཏོང་ལས་འགན་ཨང་དང་པོར་འཛིན་ཏེ་དུས་རབས་གསར་པར་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཡང་དག་ཁོང་དུ་ཆུད་པ་དང་ཁྱོན་ཡོངས་ནས་བེད་སྤྱོད་བྱེད་དེ། ཕྱི་རོལ་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་། ཛ་དྲག་རང་བཞིན། འགྱུར་བའི་རང་བཞིན་བཅས་ལ་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་ལྟ་སྟངས་ཡང་དག་འཛིན་དགོས་ལ། དཔལ་འབྱོར་བསྐྱར་འཕེལ་ལེགས་ཕྱོགས་སུ་འཕེལ་བ་དང་ཡུན་རིང་ལེགས་ཕྱོགས་སུ་འགྲོ་བའི་གཞི་རྩའི་འཕེལ་ཕྱོགས་ཡང་དག་མཐོང་ཐུབ་དགོས། ལྷག་པར་དུ་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྨང་གཞི་བཟང་པོ་ཡོད་པ་དང་། སྟོབས་ཤུགས་ཆེ་ཙམ་ཡོད་པ། མ་ཚད་རྒྱལ་ཁབ་ཀྱི་འཐབ་ཇུས་མང་པོ་ལག་བསྟར་བྱེད་པའི་གོ་སྐབས་ཀྱང་ཡོད་པས། ངེས་པར་དུ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པའི་བློ་སྟོབས་ལ་བརྟེན་ནས་ཉེན་ཁ་གོ་སྐབས་སུ་སྒྱུར་བའི་ནུས་པ་ཆེ་རུ་གཏོང་དགོས།  

གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤུགས་རྒྱག་དགོས་པ་བཞི་ཡི་བླང་བྱ་གལ་ཆེན་དེ་རྩ་བའི་གཞི་འཛིན་སར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་ངང་སི་ཁྲོན་གྱི་འཐབ་ཇུས་གོ་གནས་རྒྱལ་ཡོངས་ཀྱི་ཁོང་དུ་ཆུད་པར་བྱེད་པ་དང་། མཐོ་ས་གཉིས་དང་། རྟེན་གཞི་གཉིས། སྲུང་ཡོལ་གཅིག་བཅས་ཀྱི་ལས་འགན་མཐའ་གཅིག་ཏུ་འཁུར་དགོས། 

    གཉིས་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དུ་བསྒྱུར་རྒྱུའི་ཐད་ལ་སྐུལ་འདེད་གཏོང་དགོས། 

   གསུམ་ནི་འཕེལ་རྒྱས་སྤུས་ཚད་མཐོར་གཏོང་རྒྱུ་དེ་དུས་རབས་གསར་པའི་འགྱུར་མེད་ཀྱི་གནས་ལུགས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། 

   བཞི་ནི་བརྟན་ཐོག་ཡར་འཕེལ་དང་། མདུན་སྐྱོད་ཀྱིས་བརྟན་ལྷིང་ལ་སྐུལ་འདེད། སྔོན་ལ་དམིགས་འབེན་བཙུགས་ནས་རྗེས་སུ་ལག་ལེན་བསྟར་པ་བཅས་མཐའ་འཁྱོངས་བྱས་ནས། དཔལ་འབྱོར་ཞིང་ཆེན་ཆེན་པོས་དངོས་གནས་ལས་འགན་གལ་ཆེན་འཁུར་བའི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཏན་ཏིག་འཁུར་དགོས། 

   ལྔ་ནི་བཅོས་སྒྱུར་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བར་མཐའ་འཁྱོངས་ཀྱིས་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་ལ་བརྟེན་ནས་ནང་གི་འཁོར་རྒྱུག་འགག་གནད་སྒྲོལ་ཏེ་སྒོ་དབྱེ་དེ་བས་ཆེ་བ་བྱས་ནས་ཕྱིའི་འཁོར་རྒྱུག་སྤུས་ཚད་མཐོ་རུ་བཏང་སྟེ་སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། 

དྲུག་ནི་འཕེལ་རྒྱས་དང་བདེ་འཇགས་འགུལ་རྣམ་དོ་སྙོམས་དང་། ཕན་ཚུན་སྤེལ་རེས་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྐུལ་འདེད་དང་། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱ་དགོས་ཞེས་གསུངས།

ཚན་རྩལ་གསར་གཏོད་ཀྱི་རྒྱབ་སྐྱོར་སྲིད་ཇུས་བཅུ་བཏོན་འདུག། 

     ཚན་རྩལ་གསར་གཏོད་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་པ་གང་མགྱོགས་ཆགས་པར་སྐུལ་བའི་ཐད་ནས། ཧོང་ཆང་གིས་༢༠༢༤ལོར། གསར་དར་བཟོ་ལས་ཅན་སྐུལ་སྤེལ་དང་། ཁྱོན་ཡོངས་ནས་ལེགས་ཆ་ལྡན་པའི་ཐོན་ལས་ཆེན་པོ་དྲུག་གི་སྤུས་ཀ་མཐོར་འདེགས་གཏོང་བའི་རྒྱབ་སྐྱོར་སྲིད་ཇུས་དོན་ཚན་བཅུ་ལག་ལེན་བསྟར་དགོས།

      བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་མ་ལག་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་ལས་གྲྭ་དང་ལག་རྩལ་སྒྲིག་ཆས་གལ་ཆེན་འགག་སྒྲོལ་ལས་གྲྭ་ལག་བསྟར་བྱེད་དགོས། ཁྲེང་ཏུའུ་དང་ཁྲུང་ཆིང་གི་གློག་རྡུལ་ཆ་འཕྲིན་སོགས་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་གསུམ་སྐྱེད་སྲིང་དང་མཐོ་རུ་གཏོང་བའི་ལོ་གསུམ་བྱ་སྤྱོད་སྤེལ་བ་དང་། སི་ཁྲོན་ཀྲུང་གོའི་ཆང་དཀར་རྟེན་རྫས་བཤམས་མཛོད་ཁང་ཆུ་ཚད་མཐོ་བའི་འཆར་འགོད་འཛུགས་སྐྲུན་བྱེད་པ་དང་། ཕན་ནུབ་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གསར་གཏོད་གསར་སྤེལ་ཚོད་ལྟ་ཁུལ་འཛུགས་སྐྲུན་ཟབ་སྤེལ་བྱེད་དགོས། མིས་བཟོས་རིག་ནུས་ཐོན་ལས་འཆར་འགོད་དང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། སྐྱེ་དངོས་ལག་རྩལ་དང་འཁོར་སྐར་དྲ་བ། ནུས་ཁུངས་གསར་པ་དང་རིག་ནུས་དྲྭ་སྦྲེལ་རླངས་འཁོར་སོགས་གསར་དར་ཐོན་ལས་ཧུར་ཐག་གིས་གསོ་སྐྱོང་བྱས་ནས། ད་ལོ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་རྒྱུ་བརྩོན་ལེན་བྱ་དགོས། དམའ་མཐོངས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། མི་སྡོད་གནམ་གྲུ་དང་མི་མེད་གནམ་གྲུ། དམག་སྤྱོད་དང་དམངས་སྤྱོད། རྒྱལ་དབང་ཁེ་ལས། དམངས་གཉེར་ཁེ་ལས་བཅས་མཉམ་དུ་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། ཅིང་ཏུང་ཧྥང་གི་རབས་༨.༦པའི་ཐོན་སྐྱེད་མ་ལག་དང་། དབྱི་ཆི་དར་དམར་ཁྲེང་ཏུའུ་ཡི་ནུས་ཁུངས་གསར་པའི་རླངས་འཁོར་ཆ་ཚང་བཟོ་སྐྲུན་རྟེན་གཞི་དང་། ཐེན་ཧྥུ་མཉེན་ཆས་གླིང་གི་ལས་རིམ་གཉིས་པ་སོགས་ཐོན་ལས་གལ་ཆེན་གྱི་ལས་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས་ཞེས་གསུངས།


  • ལེ་ཚན་སྔོན་མ།:ལེ་ཅན་ཕིང་ཚོ་ཆུང་གྲོས་བསྡུར་ལ་ཞུགས་ནས་གཏམ་བཤད་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།