ངའི་དགའ་ཕྱོགས་དང་ཁྱད་ཆོས།

སོ་དུང་ཆོས་དཔལ།        2024-01-22

མི་ལོ་ཉི་ཤུའི་ལོ་ཟླ་ནི་རྟའི་གོང་ནས་མེ་ཏོག་འཐུ་བ་དང་ཇི་འདྲའི་མཚུངས་ཨང་།

ཐོབ་ཡོང་བ་ནི་གཞན་གྱི་བསྟོད་བསྔགས་དང་ཡི་རང་ཡིན་ལ། ཤོར་འགྲོ་བ་ནི་ལང་ཚོའི་གསོན་ཉམས་དང་ངར་ཤུགས་ཡིན། ལོ་ཟླ་འདིའི་ཕ་མཐར་བརྒལ་རྗེས། ང་ཚོར་རང་དབང་གིས་སྟོང་གཏམ་ལབ་པའི་ཁོམ་ལོང་བྲལ་ཞིང་། ཁོག་དཔུང་གིས་རང་སར་བརྩོན་པའི་ངར་ཤུགས་ཤིག་ཀྱང་ཇི་ལྟར་ཡོད་དེ་མེད་དོ། །

ང་ནི་ཆིག་རྐྱང་ལ་གོམས་ཤིང་ལྷིང་འཇགས་ལ་མོས། སྨྲ་བ་མེད་པའི་བརྟུལ་ཞུགས་འཛིན་པར་སྤྲོ་ཞིང་རང་དབང་རང་མོས་ཀྱི་འཚོ་བར་ཞེན། དོན་དམ་པར་ང་ནི་རྩྭ་ཐང་དང་ལུག་ཁྱུ་གཉིས་གཞི་གཅིག་ཏུ་འདྲེས་པའི་ས་མཐའི་སྒལ་གཞུང་ནས་སྟོབས་ཀྱིས་འགྲེང་སྟེ། ཕ་མའི་ངག་རྒྱུན་ལས་བསླབས་པའི་ཨ་ལ་ལ་མོ་དབྱངས་སུ་གྱེར་བར་དགའ་ཞིང་མུ་མཐའ་བྲལ་བའི་ནོར་འཛིན་སྒེག་མོའི་ཕང་བ་རུ་སྟོང་བསམ་དང་སྒྱུ་འཕྲུལ་གྱིས་བཞེངས་པའི་འཇིག་རྟེན་ལ་རྟོག་བཟོ་བྱེད་པར་མཁས། ང་ནི་ཐ་སྙད་གཅིག་གིས་མཚོན་པར་དཀའ་བའི་གང་ཟག་ཐ་མལ་བ་ཞིག་སྟེ། ལོ་ཟླའི་འཚར་སྐྱེ་ཡི་འགྲོས་དང་བསྟུན་ནས་ང་ལ་རང་གི་སྣང་བས་བསླད་པའི་དགའ་ཕྱོགས་རེ་སྐྱེ་བར་བྱེད་ཅིང་། དགའ་ཕྱོགས་དེ་དག་ལས་གཞན་དང་གདོད་ནས་མི་མཚུངས་པའི་ཁྱད་ཆོས་རེའང་མངོན་པར་བྱེད་མོད། དེའང་མཐར་དེད་ན་ངའི་བྱིས་དུས་ཀྱི་འཕྲུལ་སྣང་དང་འབྲེལ་བར་བསམ་མོ།།

དུས་ཚིགས་ཀྱི་དབྱར་ཁ་ཚེས་དུས་ཤིག་ལ། དཔྱིད་དཔལ་བུ་མོའི་སྐད་སྙན་གྱི་སྐྱེལ་མར་འགྲོགས་ཏེ་ང་རང་ཤེས་རིག་མེ་ཏོག་གི་འདབ་བརྒྱ་ཡངས་པོར་གྲོལ་བའི་སྐྱེད་ཚལ་ཞིག་ཏུ་ཆས་དགོས་བྱུང་བས། གནས་དེ་རུ་ངས་ཤེས་ཡོན་ཟེར་བའི་འཇིན་རྟེན་གྱི་རྒྱུ་དངོས་རྩ་ཆེན་ཞིག་རྙེད་ཐུབ་ཅིང་། རང་ཉིད་ཅེས་པ་འདྲ་འདྲའི་ནང་གི་མི་འདྲ་བ་ཞིག་བྱེད་ཐུབ་རྒྱུར་སྐུ་ཡི་བྱིན་རླབས་དང་གསུང་གི་དངོས་གྲུབ། ཐུགས་ཀྱི་གདམས་པ་གང་མང་ནོད་པས། ཤེས་ཡོན་གྱི་ཡིད་འོང་སྐྱེད་ཚལ་འདིར་ང་ལའང་རང་དང་མཐུན་པའི་འགྱུར་ལྡོག་གི་རྐང་ཚུགས་ཤིང་རྩ་བ་རྒྱས།

སློབ་ཆུང་ཞེས་པའི་བྱིས་དུས་ཀྱི་རྩེད་ར་ཆུང་ཆུང་དེ་རུ་ང་དང་མཉམ་པོར་རྡོ་ཡི་རྩེད་ར་བསྒྲིགས་ཏེ། སྒྱུ་འཕྲུལ་གྱི་འཇིག་རྟེན་མྱུལ་རོགས་དག་ཡོད་པས། ངའི་གཡའ་དག་པའི་བྱིས་དུས་ཀྱི་འཚོ་བ་སྟོང་བསམ་ཁྲོད་བསྐྱལ་ཅིང་། རྣམ་དཔྱོད་ཅེས་པའི་བློ་རིག་གི་མེ་སྟག་ཚ་པོའང་དཔེ་ཆ་ཞེས་པའི་རྒྱུས་མེད་ནས་རྒྱུས་ཡོད་དུ་གྱུར་པའི་ལག་འཛིན་དེའི་སླད་དུ་བཏང་བས། སློབ་ཆུང་གི་ལོ་ངོ་དེ་ཚོས་ངའི་མི་ཚེར་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་དུ་འཇུག་མ་ཐུབ་ན་ཡང་། གློག་བརྙན་སྒྱུ་རྩལ་གྱི་གར་དུ་རྩེན་པའི་འཁྲབ་སྟོན་པ་ཞི་བདེ་ཉི་མ་ལགས་ཀྱིས་ང་ལ་ཐོག་དང་པོར་གློག་བརྙན་ཞེས་པའི་ལས་རིགས་འདི་ཤེས་སུ་འཇུག་ཅིང་། “མོ་སྟོན་ཕག་མགོ”ཞེས་པའི་བོད་ཀྱི་དགོད་བྲོའི་གློག་བརྙན་ཐོག་མར་མཉམ་ཞུགས་བྱས་པས། སྐབས་དེ་ནས་བཟུང་སྟེ། ངས་ནི་རང་གི་ཁོར་ཡུག་ལ་མཉམ་འཇོག་པའི་འགོ་བསླངས་ཏེ་གློག་བརྙན་འཁྲབ་ཁྲིད་པ་ཞིག་ཉན་ན་ཅི་མ་རུང་སྙམ་པའི་དགའ་ཕྱོགས་སམ་སྟོང་སྣང་འདྲེས་པའི་ལམ་ཁ་ཞིག་རྙེད་ཅིང་། ལམ་ཁ་དེ་ནས་གོག་མ་ནུར་གྱིས་བསྐྱོད།

དམའ་འབྲིང་གི་དུས་ཚོད་ནི་ལང་ཚོའི་དུས་རིམ་ལས་བར་བརྒལ་བྱེད་སྟངས་ཤིག་ཡིན་པས། ངས་སྟོང་བསམ་དང་འཕྲུལ་སྣང་། དངོས་ཡོད་མ་ཡིན་པའི་འཇིག་རྟེན་གྱི་ཕོ་བྲང་དེ་ཚོ་ང་དང་ཇེ་རིང་ནས་ཇེ་རིང་དུ་གྱུར་ཅིང་། དཔེ་ཀློག་ཅེས་པའི་དོན་ལྡན་གྱི་ལམ་བུ་ཞིག་ལ་མི་འགྲོ་དབང་མེད་དུ་གྱུར་པས། ངས་ནི་བྱིས་དུས་ཀྱི་སྟོང་བསམ་དག་ལ་བདེ་མོ་བཞག་པ་དང་གཞོན་དུས་ཀྱི་ཕུགས་བསམ་ལ་ཆེས་ཐོག་མའི་ལག་འཇུ་བྱས། ང་ནི་དཔེ་ཀློག་གི་འཇིག་རྟེན་ལ་འཁྱམས་ཏེ་ཕུགས་བསམ་ཞེས་པའི་ཆེས་དྲོད་ཁོལ་ལྡན་པའི་གནས་ས་ཞིག་ལ་སྙེག་པའི་དུས་མཚུངས་སུ་རྩོམ་སྒྲིག་ཅེས་པའི་ལས་ཀ་ཞིག་ལའང་ཤེས་མེད་ཚོར་མེད་ཀྱིས་ཕྱོགས་ཏེ། “རེ་བའི་ཉི་ཟེར”ལྟ་བུའི་རེ་འབྲས་ཀྱི་ལོ་ལེགས་བསྣམས་པའི་ཕྱིར་དྲན་དང་། “དུས་ཀྱི་སྲོག”ལྟ་བུའི་དུས་རབས་ཀྱི་འབོད་སྐུལ་རུམ་པའི་ཚགས་ཤོག་ཁ་ཤས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་བཀྲམས་པས། མཚམས་མཚམས་སུ། ངས་ནི་རང་གི་ཁྱད་ཆོས་མངོན་པར་སྙམ་པའི་དགའ་འབོད་དང་དགའ་ཕྱོགས་ཀྱི་ལམ་རྙེད་པར་འདོད་པའི་བསམ་མོས་འཕྱུར་པའང་བགྲང་གིས་མི་ལང་། དེ་ཙམ་གྱིས་ག་ལ་ཚད་དེ། ངས་རང་གི་བློ་གྲོས་ཀྱི་ཚན་ཁ་འབར་པར་བྱས་ཏེ་སྙན་ངག་ཡིན་ཁུལ་གྱི་རྩོམ་ཡིག་གང་མང་བྲིས་ཏེ་རྩོམ་སྒྲིག་ཁང་དག་གི་རྩོམ་སྒྲིག་པ་ཚོར་སུན་སྣང་བཟོས་པའང་དགའ་ཕྱོགས་ཤིག་ཏུ་ཅི་ལ་མི་འགྱུར་ཨང་།

མཐོ་འབྲིང་ནི་ཤེས་རིག་གི་གཡུལ་ས་ཆེན་པོ་ཞིག་སྟེ། གཡུལ་ས་དེ་ལས་གསོན་མ་ཐུབ་ཚེ་རང་དབང་གི་ལམ་ཁ་ཇེ་ཆུང་དུ་གྱུར་པ་ཡིན་ཚུལ་གྱི་བཀའ་སློབ་མང་པོས་བདག་གི་ཐོས་འཛིན་གྱི་བུ་ག་ཡོམ་ཡོམ་བསྒུལ་ན་ཡང་། གཅེས་ལང་དུ་ཤོར་བའི་བདག་གི་ཉམ་ཆུང་བའི་སེམས་པ་འདི་ཡིས། དགའ་ཕྱོགས་ཞེས་པའི་རེ་འབྲས་ཀྱི་ཞིང་ཁམས་དེ་དང་གཏན་བྲལ་བྱས་རྗེས། ཁྱད་ཆོས་ཞེས་པའི་སྟོང་གཏམ་གྱི་བྲག་ཅ་ཇི་ལྟར་མཆེད་ན་ཡང་། ཐོབ་ཤོར་གཉིས་ཀྱི་ས་མཚམས་སུ་ལུས་སྲིད་པ་ནི་ཤོར་བ་ཁོ་ན་ཡིན་པའི་གསལ་འདེབས་གང་མང་བྱས་པས། ང་ནི་སྔར་བཞིན་རང་དབང་རང་མོས་ཀྱི་དཔེ་ཀློག་དང་གློག་བརྙན་གྱི་ལམ་ཁ་དེར་ཤུགས་ཀྱིས་འཇུས་ཤིང་། “ངས་རྨི་ལམ་ཞིག་རྨིས།”ལྟ་བུའི་འཁྲབ་གཞུང་དག་གིས་ང་རང་སོང་ཟིན་པའི་ལམ་ཁ་ལ་བདེན་པས་ར་སྤྲོད་ཐུབ་པར་མ་ཟད། “ཟླ་དྲུག་པར་སློབ་མཐར་ཕྱིན་ན།”ཞེས་པའི་གློག་བརྙན་བརྩམས་ཆོས་དེས་ཀྱང་ངའི་དཀའ་སྡུག་གི་ས་ལམ་ལ་དཔང་པོ་བྱེད་ཐུབ་པས། སྐབས་དེ་ནས་བཟུང་། ངས་ནི་དོན་དམ་པར་རང་ཉིད་ཀྱི་དོན་དུ་འཚོ་བཞིན་ཡོད་ན། སྐར་འབྲས་ཙམ་དམིགས་ཡུལ་དུ་བྱས་པའི་སློབ་སྦྱོང་ཙམ་གྱིས་བདག་གི་ལས་དབང་གི་ཁ་ལོ་བསྒྱུར་དུ་མེད་པའི་ངེས་ཤེས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས།

ང་རང་མི་ལོ་ཉི་ཤུར་རྐང་ཐང་དུ་སོང་བས། མཐོངས་ཡངས་པའི་རི་བོའི་སྤོ་དང་ཁོད་སྙོམས་པའི་སྤང་གི་ཁུད་དུ་མ་འབྱོར་ན་ཡང་། དུས་དང་སྐབས་མེད་པར། བདག་གིས་སྔར་བཞིན་རང་གི་དགའ་ཕྱོགས་ལས་ལོན་པའི་ཉམས་མྱོང་དག་གཟི་བརྗིད་དུ་སྒོམ་བཞིན། ཁ་ཕྱོགས་གསལ་བའི་ལམ་ཁ་དེར་ཐེ་ཚོམ་དང་དངངས་སྐྲག་གང་ཡང་མེད་པར་བློ་ཐག་རྦད་ཆོད་ཀྱིས་འགྲོ་རྒྱུ་ཡིན་ནོ། །

  • ལེ་ཚན་སྔོན་མ།:བུ་མོ་མེ་ཏོག་སྒྲོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།