རིང་དུ་གྱེས་པའི་མི།

ལྡེའུ་ནག།        2024-01-08

ཁྱོད་ཚོས་བསམ་བློ་གཏོང་བཞིན་མེད་དམ། ཡང་ན་མ་གཞིའི་ཆེས་ཐོག་མའི་ལྷན་སྐྱེས་ཀྱི་གཤིས་ཀ་འདི་ལྟར་ཡིན་པ་རེད། གཅིག་གཅིག་གཉིས་གཉིས་བྱས་ཏེ་བུད་སོང་བའི་མི་ཚོགས་དེ་དག་ནི་ང་ལ་མཚོན་ན་ཧ་ཅང་བློ་གཏད་བྱས་མྱོང་བའི་ནང་མི་ཤ་སྟག་ཡིན། ངས་ཁྱེད་ཅག་རེ་རེ་ལ་བཅངས་པའི་བརྩེ་སེམས་ནི་ཧ་ཅང་ཟབ་ལ། ངས་ཁྱེད་ཅག་མི་རེ་རེ་ལ་བཅངས་པའི་རེ་བ་ནི་གཙང་པོ་ལས་ཀྱང་རིང་། རྒྱ་མཚོ་བས་ཀྱང་ཟབ། དེ་བས་དུས་བཞིའི་ས་སྲོད་ཀྱི་འཕོ་འགྱུར་ཁྲོད་ནས་ཁྱེད་ཅག་གིས་ཡང་དག་པའི་འཚོ་གནས་དང་ཡང་དག་པའི་གནས་ལུགས་བདེན་པ་ཞིག་རྙེད་བཞིན་ཡོད་སྲིད་ནའང་། ངས་ཁྱེད་ཅག་ལ་བཅངས་པའི་རེ་བ་དང་རྨི་ལམ་ནི་རི་བོ་ཆེན་པོ་ཞིག་དང་མཚུངས་ལ། ཁྱེད་ཅག་ཉེ་ལམ་རེ་རེ་བཞིན་རི་བོ་ཆེན་པོ་དེའི་ལྟག་རྒྱབ་ཏུ་གཅིག་རྗེས་གཉིས་མཐུད་བྱས་ཏེ་བུད་སོང་བ་དང་མཚུངས།

མ་གཞི་མི་ཚེ་ནི་རྙོག་འཛིང་ཧ་ཅང་མོད་སའི་གཞི་ཆེན་པོ་ཞིག་ཡིན་པས། དེ་ལ་ངོ་རྒོལ་དང་དེ་ལ་སུས་ཀྱང་ཡ་ལེན་བྱེད་ཐབས་མེད་ཀྱང་། སྤྱིར་བཏང་གང་དྲན་པ་མཐའ་དག་གི་རྗེས་སུ་སྙེག་པར་མི་ནུས་ཤིང་། གང་བསམ་པ་མཐའ་དག་གིས་རྗེས་སུ་འགྲོ་བར་དེ་བས་ཀྱང་མི་ནུས་པ་འདྲ། དེ་བས་ངའི་རེ་བའི་ས་ཚིགས་ལས་རིང་དུ་བརྒལ་བའི་འགྲོགས་ཡུན་རིང་པའི་ཁྱེད་ཚོའམ། ཡང་ན་བར་ཐག་གཉེན་ཉེ་ཡིས་འབྲེལ་བའི་སྤུན་མཆེད་དེ་དག་གྲོང་ཁྱེར་གྱི་འདུ་འཛི་མོད་སའི་སྲང་ལམ་དེ་གར་བུད་སོང་བའི་རྗེས་སུ། ངས་མི་ཁ་དང་གཏམ་ཡན་ལ་བསམ་གཞིག་མི་བྱེད་ལ། ངས་གཞན་གྱིས་སེམས་ནས་ཁྱེད་ཅག་ལ་འཛིན་སྟངས་ཅི་ཞིག་འཛིན་པ་ལ་ཡང་སེམས་ཁྲལ་བྱེད་ཀི་མེད། གཙོ་ཆེར་ངས་ཁྱེད་ཅག་རེ་རེ་ལ་བཅངས་པའི་བརྩེ་འདང་དེ་དག་ཉིན་རེ་ནས་ཉིན་རེ་བཞིན་འཇའ་ཚོན་ལྟར་ཡལ་འགྲོ་བར་སེམས་ཁྲལ་ཞེ་དྲག་འདུག་ཨང་།

མི་ཚེ་གུ་ཡངས་དང་ལྷིང་འཇགས་ལ་དགའ་ན། ཡང་དག་པའི་ཤེས་རབ་ཀྱིས་འཚོལ་བཤེར་བྱ་དགོས་པ་ལས་རྒྱང་རིང་དུ་འཕུར་བའི་བྱ་རྒོད་ཇི་བཞིན་མཁའ་ལམ་དུ་མར་སྙེག་པའི་རྗེས་སུ། དུས་ཚོད་ག་ཤེད་ནས་རྙེད་འོང་བ་ཞིག་ལར་ནས་མིན་པ་འདྲ། མ་གཞི་མི་སོ་སོའི་བསམ་ཚུལ་དང་དྲན་ཚུལ་ལར་ནས་མི་གཅིག་སྟེ། ལ་ལ་རི་སྒང་དུ་འགྲོ་ཞིང་། རྒྱང་རིང་གི་རི་ཚོགས་དག་ལ་ལྟད་མོ་ལྟ་བར་དགའ། ཡང་ལ་ལ་ཞིག་ནི་གཙང་ངོགས་སུ་རོལ་བཞིན་ཆུ་རྐྱལ་བྱེད་པར་དགའ། ཡང་ལ་ལ་ཞིག་ནི་ཁེར་རྐྱང་དུ་རང་རང་གི་ཁང་བའི་ནང་དུ་འཛུལ་བཞིན་སྙན་ངག་འབྲི་ཀློག་བྱེད་པར་དགའ། ཡང་ལ་ལ་ཞིག་ནི་མི་ཚོགས་ཀྱི་འཚང་ཁ་མོད་སའི་གནས་དེར་འགྲོ་བར་དགའ། དེའི་རྒྱུ་རྐྱེན་ནི་མི་ཡོད་ཚད་སྨྲ་ཤེས་ཤིང་དོན་གོ་བ་ཙམ་དུ་འདྲ་ན་ཡང་། མི་ཡོད་ཚད་སེམས་ཁམས་ཀྱི་དྲན་ཚོར་དང་། འཚོ་བ་མི་གཅིག་པས་རེད་ཨང་། སྤྱིར་བཏང་། རང་ཉིད་ཀྱིས་བདམས་པའི་འཚོ་བ་དང་། ལམ་ཕྱོགས་དེ་དག་ལ་སུས་ཀྱང་བཅོས་བསྒྱུར་བྱ་ཐབས་མེད་ལ། བྱས་ཀྱང་ཕན་པའི་འབྲས་བུ་གང་ཡང་སྨིན་དུ་མེད། དེ་བས་ངའི་རེ་བ་དང་རྨི་ལམ་གྱི་ལྟག་རྒྱབ་ཏུ་བུད་སོང་བའི་མཛའ་མཐུན་གྱི་སྙིང་ཉེ་ཁྱེད་ཚོར་ངས་མཇུག་མཐར་གྱི་སྐད་ཆ་ཞིག་བཤད་རྒྱུ་ཡོད་པ་ནི། ཁྱེད་ཅག་གིས་མ་འོངས་པར་འོད་སྟོང་ལྡན་པའི་ལམ་ཁ་ཞིག་རྙེད་པར་སྨོན།



  • ལེ་ཚན་སྔོན་མ།:ཁྱོད་ཀྱི་ཨ་ཁུ་པདྨ་གང་དུ་བཞུགས་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།