སྐལ་བཟང་སྐྱིད།

ཅོང་ཆུའི་གྲོལ་སྡེ།        2023-12-18

ལྷུག་རྩོམ་འདི་ཉིན་ཐོག་ཞག་རྩིས་དང་ཟླ་ཐོག་ལོ་མཐུད་ཀྱིས་བརྩོན་པ་བསྐྱེད་ནས་བློས་བསླངས་བྱས་ཤིང་ཐ་སྙད་རེ་རེ་ཞུན་ཐར་ཆོད་པའི་སྒོ་ནས་བཙོ་སྦྱང་བྱས་ནས་ཡོང་བ་དེ་འདྲ་མིན།འབྲི་འདོད་ནས་ཡུན་རིང་སེམས་སུ་བསྙོར་ནས་ལུས་སོང་བ་དེ་འདྲའང་མིན།རྩོམ་ཡིག་ནང་གི་སྐལ་བཟང་སྐྱིད་ཅེས་པའི་བུ་མོ་དེ་ང་ཡོད་སར་ལན་ཅིག་འོང་རྒྱུ་ཡིན་ཚུལ་བཤད་པའི་ཁ་པར་དེའི་རྗེས་སུ་ད་གཟོད་འབྲི་འདུན་བྱུང་ནས་ལམ་སངiPad Proལག་དེབ་ནང་འཕྲལ་དུ་བྲིས་པ་ཞིག་ཡིན།དེ་བས་རྩོམ་ཡིག་འདི་ཀློག་འདུན་གྱི་གྲོགས་པོ་དག་གིས་ཀྱང་རེ་བ་དེ་ཙམ་ལས་བཅང་རྒྱུ་མེད་དོ།།

སྐལ་བཟང་སྐྱིད།བུ་མོ་འདི་ངོ་ཤེས་ནས་དུས་ཚོད་ལོ་ངོ་བདུན་ལྷག་སོང་ཡོད།ངོ་ཤེས་ནས་དུས་ཚོད་དེ་འདྲ་རིང་པོ་ཞིག་ཕྱིན་ཟིན་ནའང་།ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན་ལོ་ངོ་བདུན་པོ་འདིའི་རིང་ངེད་གཉིས་ངོ་ཐུག་ནས་ཇ་ཐུན་གཅིག་ལ་ཞེ་ལྷོད་པོའི་ཁ་བརྡ་བྱས་པའང་མང་པོ་མེད་པ་འདྲ།འོ་ན།ཁྱེད་གཉིས་འདི་ལྟར་ངོ་ཤེས་སུ་གྱུར་དོན་ག་རེ་ཡིན་ནམ་ཞེ་ན།ངས་ཅི་མི་སྙམ་པར་ལས་དབང་ཞེས་པའི་ཡིག་འབྲི་འདི་གཉིས་ཀྱིས་དྲིས་ལན་སྟབས་བདེ་ཞིག་འདེབས་པ་ལས་རྒྱུ་མཚན་གཞན་ཞིག་བཙལ་མི་སྲིད་ལ་བཙལ་ནའང་རྙེད་ཀྱང་ཁག་པོ་རེད།ལོ་ངོ་བདུན་གྱི་གོང་རོལ་དུ་མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་འབྲོག་སྡེ་ཞིག་ནས་སྐྱེས་པའི་ང་རང་སླར་ཡང་ལས་དབང་ཞེས་པའི་ཡིག་འབྲི་འདི་གཉིས་ཀྱི་གཤོག་ཟུང་འོག་མི་ཚེའི་འདུན་མ་འཚོལ་བའི་གོམ་ཁ་རྨ་ཆུ་སྔོན་མོ་འཕྲེད་ཀྱིས་བཅད་དེ་རྨ་ཀློང་རིང་མོའི་ལྷོ་རྒྱུད་ཀྱི་རོང་ཤོག་ཞིག་ཏུ་འཚོ་བ་རོལ་དགོས་བྱུང་བས་ལས་ཀྱི་གཤོག་སྣེ་ས་རུ་བསྐུམས་ཏེ་གོམ་པའི་ལྡོག་སྣེ་དེ་རུ་གཏད་པའི་གོ་རིམ་ཁྲོད་སྐལ་བཟང་སྐྱིད་དང་ངེད་གཉིས་ངོ་ཤེས་སུ་འགྱུར་བའི་འགོ་འང་དེ་ནས་བརྩམས་སོང་།

ང་ཡིས་ཐོག་མར་མོ་ངོ་ཤེས་པའི་དུས་ནི་སྐལ་བཟང་སྐྱིད་ཀྱི་རྨོ་མོ་སྟེ་མོའི་ཨ་ཕའི་ཨ་མ་ལགས་འདས་གྲོངས་སུ་ཕྱིན་པའི་ཉིན་དེ་དག་གི་ནང་ཡིན།མོའི་རྨོ་མོ་འདས་པའི་ཉིན་དེ་དག་གི་ནང་ལ་ང་རང་མོའི་ཁ་ལག་གཉིས་ཀྱི་ཚབ་ཏུ་རྒྱུགས་ཟེར་ནའང་འདྲ།མོའི་ལས་ཚེགས་དང་སེམས་ཚེགས་ཀྱི་ཆ་ཤས་གཅིག་དང་དུ་བླངས་ཟེར་ཡང་རུང་།གང་ལྟར་མོའི་རྨོ་མོ་ལགས་འདས་རྗེས་ལུང་བསྟན་ཞུ་སའི་བླ་མ་ནས་དགུང་ཞག་མ་ཚང་བར་དུ་བདུན་པར་གདན་དྲངས་པའི་གྲྭ་པ།དགེ་རྩ་སྨོན་ལམ་གྱི་ཕྱིར་དུ་ཆོས་བཅའ་སའི་སྡེ་བའི་མང་ཚོགས་ཀྱི་བར་སྐལ་བཟང་སྐྱིད་ཀྱི་ཕ་ཡུལ་གྱི་ཡུལ་སྲོལ་དུ་ལོ་ལོན་ཞིག་གི་ཚེ་ཡི་འཕེན་པ་རྫོགས་པ་ལ་ཆོས་འཇིག་རྟེན་གཉིས་ཀྱི་ཆོ་ག་ཅི་ཞིག་བསྒྲུབ་དགོས་པ་ལ་ང་རང་ཡང་མ་ཐོན་ས་ཞིག་མེད་དུ་བཅུག་པ་ཡིན།དེ་དག་གི་བརྒྱུད་རིམ་ནི་དུས་ཚོད་ཀྱི་དབང་དུ་བྱས་ན་ཉིན་ཧྲིལ་པོ་བདུན་གྱི་ཡུན་ཚད་རེད།ཏག་ཏག་ཉིན་བདུན་པོ་དེ་ཡི་རིང་ལ་སྐལ་བཟང་སྐྱིད་དང་ངེད་གཉིས་ངོ་མི་ཤེས་པའི་མི་ཆ་མེད་གཉིས་ནས་རིམ་བཞིན་ངོ་ཤེས་ཀྱི་མི་རྒྱུས་ཡོད་གཉིས་སུ་གྱུར་སོང་།

དེ་དུས་སྐལ་བཟང་སྐྱིད་ནི་ཟི་ལིང་གྲོང་ཁྱེར་ན་ཆེད་ལས་སློབ་ཆེན་འགྲིམ་བཞིན་པའི་སློབ་མ་ཞིག་རེད།ནམ་རྒྱུན་མོ་མི་ཆ་མེད་ལ་ཁ་གྲག་རྒྱུར་མི་དགའ་ཞིང་།ལག་ཏུ་ལས་ཀ་གང་ཞིག་བཞག་ན་དེ་ཉིད་མཇུག་མ་གྲུབ་བར་དུ་ཧུར་ཐག་གིས་འཇུ་མཁན་ཞིག་རེད།ཡིན་ཡང་།སྐབས་དེར་མོའི་ན་ཚོད་དང་བསྡུར་ན་ལས་ཀ་མང་པོ་ཞིག་ལས་ཤེས་ཀྱིན་མི་འདུག། འདི་ནི་སྐལ་བཟང་སྐྱིད་དང་ངེད་གཉིས་ཐོག་དང་པོར་ངོ་ཤེས་པའི་སྐབས་ཀྱི་མོའི་ང་ལ་བཞག་པའི་བག་ཆགས་ཀྱི་ཆ་གཅིག་རེད།ང་ཚོ་བོད་ཀྱི་གོམས་སྲོལ་ལྟར་རམ་ཁྱད་པར་དུ་སྐལ་བཟང་སྐྱིད་ཀྱི་ཕ་ཡུལ་ནས་མི་ཞིག་འདས་རྗེས་ཀྱི་ཆོ་ག་མང་པོ་ཞིག་མོ་ལས་ང་རང་ཤེས་འཇོན་གཉིས་ལྡན་རེད།དེའི་ཐད་ནས་ང་རང་གསར་དུ་ངོ་ཤེས་པའི་བུ་མོ་ཆ་མེད་ཞིག་གི་མདུན་ནས་གང་ཞིག་ཤེས་མདོག་གི་མགོ་བོ་དགྱེ་དགྱེ་བྱས་ནས་སོང་ཆོག་གིན་འདུག། མོ་རང་གིས་ལས་ཀ་ཞིག་ལས་མ་ཤེས་པའམ་ལས་ཀ་དེར་མ་འཇོན་པར་ཡོད་སྐབས་གཞན་གྱིས་རོགས་ཕྲན་ཙམ་རེ་བྱས་ནའང་བཀའ་དྲིན་ཆེ་ཟེར་བའི་སྐད་ཆ་དེ་ཁ་ནང་དུ་ཐད་དུ་བཟུང་བསྡད་ཡོད་པ་ཞིག་རེད།ལས་ཀའི་བར་དུ་ཁོམ་སྐབས་ཕྲན་ཙམ་བྱུང་ན་རྣ་ཉན་གོན་ནས་ཁ་པར་ལས་རྒྱ་ནག་དང་ཕྱི་གླིང་བའི་གླུ་དབྱངས་ལ་ཉན་རྒྱུ་དགའ་བོ་ཞེ་དྲག་བྱེད་མཁན་ཞིག་རེད། སྐབས་དེར་ངེད་གཉིས་ངོ་ཤེས་ནས་ཆེར་མིན་པས་མོ་མི་སུ་ཞིག་གི་གླུ་དབྱངས་ཅི་ལྟ་བུ་ཞིག་ལ་ཉན་རྒྱུ་དགའ་བའང་དོ་སྣང་ཆེན་པོ་མ་བྱས།རྗེས་སུ་ཡུན་གྱིས་འདྲིས་ཤིང་ཕན་ཚུན་གྱི་གཤིས་ཀ་དང་དགའ་ཕྱོགས་ལ་ཆ་རྒྱུས་ཡོད་པར་གྱུར་པའི་ཚེ་ད་གཟོད་གཞི་ནས་ཤེས་པ་ཡིན།ཟ་མ་གཡོས་སྦྱོར་བྱེད་ལུགས་མང་ཆེ་བ་དྲྭ་ལམ་ནས་བཙལ་ཅིང་བྲོ་རྫས་དང་སྔོ་ཚལ་གྱི་རྒྱུ་ཆ་རེ་གཉིས་མ་འཛོམས་ཚེ་སེམས་སུ་ཕ་ཡུལ་གྱི་ཞིང་གྲོང་འདིར་གྲོང་ཁྱེར་བཞིན་འཚོ་བའི་ཐད་སྟབས་བདེ་བའི་ཆ་རྐྱེན་མང་པོ་ཞིག་མི་ཚང་བ་ལ་ལེ་བདའ་དང་འཁང་ར་གཉིས་ཀ་བྱེད་འདོད་ཀྱི་རྣམ་འགྱུར་གདོང་ལ་མངོན་ནའང་།མཐའ་འཁོར་གྱི་མི་དག་ལ་ཁ་ནས་དེ་ལྟར་ལབ་མཁན་ཞིག་མ་རེད།རྨོ་མོ་འདས་པ་ལ་ཁྱིམ་མི་གཞན་དག་ལས་ལྕི་བའི་སེམས་སྡུག་ཅིག་ཡོད་པར་མི་སྣང་།མོ་རང་ཉིད་གཅིག་པུར་སྡོད་སྐབས་ཀྱི་སེམས་ཁམས་ཅི་ལྟ་བུ་ཞིག་ཡིན་པ་བཤད་ཚོད་མི་ཐུབ་ཅིང་།ང་དང་ཡང་ན་མི་གཞན་གྱི་རིག་ས་ནས་མོའི་མིག་ཆུ་ཞིག་གམ་དངན་པ་ཞིག་འཐེན་པའང་མཐོང་མ་མྱོང་།མི་མང་པོའི་ནང་དུ་ནམ་རྒྱུན་དང་འདྲ་བར་འཛུམ་དཀར་ལྷུག་ལྷུག་བྱེད་པར་མི་དགའ་ཞིང་ཡང་སྡུག་གི་ངོ་གདོང་ནག་རོག་རོག་བྱེད་པར་ཡང་མི་དགའ་བའི་གཤིས་ཀ་དེའི་རིགས་ཤིག་རྒྱུན་འཁྱོངས་བྱས།

ཉིན་བདུན་གྱི་རིང་ལ་དེ་ལྟར་སྐལ་བཟང་སྐྱིད་དང་འདྲིས་འདྲིས་གཤིབ་གཤིབ་ཀྱིས་བསྡད།ཉིན་བདུན་གྱི་རྗེས་སུ་ཡང་སྐལ་བཟང་སྐྱིད་ཀྱི་ནང་མི་དག་དང་ལྷན་དུ་ཤི་བོའི་ཕྱི་མའི་ས་ལམ་གྱི་ཕྱིར་དུ་དགོན་པར་མང་ཇ་བསྐོལ་དུ་སོང་།དེ་དུས་ཀྱང་སྐལ་བཟང་སྐྱིད་དང་མོའི་ནང་མི་དག་ལས་ང་རང་འཇོན་མདོག་གིས་དགེ་འདུན་པ་དག་ལ་དྲང་བྱའི་རྩམ་པ་དང་།མར།ཕྱུར་བ།ཀ་ར་བྱེ་མ།གོ་རེ་བཅས་འགྱིག་གི་ཁུག་མ་ཆུང་ཆུང་རེ་རེར་བཅུག་སྟེ།སང་ཞོགས་ཚོགས་ལ་དྲངས་ན་སྟབས་བདེ་པོ་རྐྱང་རྐྱང་བྱས།དགོན་པའི་འདུ་ཁང་དུ་མཆོད་མེ་འཇོག་པ་དང་ལྷ་ཁང་རེ་རེར་ཕྱག་དང་སྐོར་བ་བྱེད་པའི་དུས་ཚོད་ཚུན་ཆད་ཀྱང་ང་རང་གིས་བཀོད་སྒྲིག་བློ་ལ་ཆུད་པ་ཞིག་བྱས།དགོན་པའི་ནང་གི་ལས་ཀ་དེ་དག་སྐལ་བཟང་སྐྱིད་ལྟ་ཅི་མོའི་ཕ་མ་གཉིས་ཀྱིས་མཚོན་པའི་ནང་མི་རྒན་པ་དེ་དག་ལའང་ཆ་རྒྱུས་ཆེན་པོ་མེད།སྐལ་བཟང་སྐྱིད་ཀྱིས་ནང་མི་དག་དང་འདྲ་བར་ངས་བཀོད་སྒྲིག་འབའ་ཞིག་ལ་ཉན་ནས་ཕྱག་དང་སྐོར་བ་སོགས་དགེ་སྦྱོར་གྱི་ལས་འབའ་ཞིག་ལ་བརྩོན་པར་བྱེད།སྐལ་བཟང་སྐྱིད་ཀྱི་དད་པ་དེ་མོའི་ཕ་མ་གཉིས་དང་འདྲ་བར་བརྟག་དཔྱད་ཆེན་པོ་མེད་པར་ཡིད་ཆེས་མཐའ་གཅིག་ཏུ་བྱེད་པ་དེ་འདྲ་ཞིག་ཡིན་ནམ།ཡང་ན་མཐའ་གཉིས་སུ་དོགས་པའི་ཚུལ་གྱི་ཐེ་ཚོམ་དང་བཅས་པའི་དེང་གི་ན་གཞོན་ཕལ་ཆེར་བའི་དད་པ་དེ་འདྲ་ཞིག་ཡིན་སྲིད།དེ་ནི་སྐལ་བཟང་སྐྱིད་མོ་གཅིག་པུ་ལས་མི་སུ་ཞིག་གིས་ཀྱང་བཤད་དཀའ་བ་ཞིག་རེད།མོས་ཕྱག་སྐོར་གཉིས་ཀྱིས་མཚོན་པའི་ཆོས་ལུགས་ཀྱི་ལུགས་སྲོལ་མང་པོ་ཞིག་ཧ་མི་གོ་ཞིང་འདིའི་ཐད་ནས་མོ་རང་གི་ཨ་མ་དགེ་རྒན་ལྟ་བུ་ཞིག་ཏུ་བསྟེན་འདུག། དགོན་པའི་ནང་གི་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་བྱས་པའི་སྤྱི་གླིང་དང་གྲྭ་པ་ལོ་ཆུང་དག་གི་སློབ་སྦྱོང་གི་ངལ་དུབ་སང་བྱེད་དུ་རྩེད་མོར་གཡེང་སའི་ལྒང་རྩེད་ར་བ་སོགས་མཐོང་ཚེ་གྲོང་ཁྱེར་གྱི་ཆ་ལུགས་མང་པོ་ཞིག་འདི་རུའང་འཛོམས་འདུག་སྙམ་པའི་ཡིད་ཚིམ་པའི་རྣམ་པ་ཞིག་གིས་མོའི་བློ་ཁོག་ཡོངས་སུ་ཁེངས་འདུག་པ་ལྟ་བུ་ཞིག་རེད།དགོན་པའི་ནང་གི་དགེ་འདུན་པ་དག་གི་འཚོ་བ་གནའ་སྔ་མོའི་ལུགས་སུ་ཡོད་པས་ཟ་མ་བསྐོལ་ལུགས་དང་ཁྱིམ་གྱི་ཅ་དངོས་དེ་དག་མཐོང་ཚེ་མོ་སླར་ཡང་ལོ་ངོ་བཅུ་ཕྲག་སྔོན་གྱི་བྱིས་དུས་ཀྱི་འཚོ་བ་དེར་ཡང་བསྐྱར་ལོག་ཏུ་འཇུག་གིན་པ་ནི་སྐལ་བཟང་སྐྱིད་ཀྱི་ཐེ་ཚོམ་འདྲེས་མའི་གདོང་གི་རྣམ་འགྱུར་ལས་གསལ་བོར་ཀློག་ཐུབ།

གཞན་དུ་སྐལ་བཟང་སྐྱིད་ཀྱིས་ཁྱིམ་གྱི་མི་ཞིག་ཚེ་ལས་འདས་རྗེས་བླ་མ་དང་དགེ་འདུན་པ་དག་གདན་ཞུས་ནས་ཤི་བོའི་བེམ་པོ་དང་ཐག་མི་རིང་བའི་ས་ནས་འཕོ་བ་གསུང་དུ་འཇུག་པ་དང་དགེ་འདུན་པ་རྣམས་ལ་དགོན་པའི་ཕྱག་ལེན་དང་བསྟུན་ནས་བདེ་གསང་འཇིགས་གསུམ་དང་དཔལ་རྒྱལ་བ་མི་འཁྲུགས་གང་རུང་གི་མཚོན་པའི་བསྐྱེད་རྫོགས་ཀྱི་ལྷ་དུ་མའི་སྒོ་ནས་གཤིན་ཆོས་སུ་དབང་དང་སྦྱིན་བསྲེགས་མ་ཎིའི་མགུར་བཅས་ཀྱི་ཆོས་ལུགས་ཀྱི་ཆོ་ག་མང་པོ་ཞིག་བསྒྲུབ་རྒྱུ་ཡོད་པ་མི་ཤེས་ཤིང་།ཉེ་རྒྱང་གང་ནས་བསླེབས་པའི་ནང་མི་ཉེ་འབྲེལ་དག་ལ་སྐེ་འཇུ་གཏོང་ཞིང་ཚིག་འཇམ་པོའི་སེམས་གསོ་གནང་བ་སོགས་རང་རེ་བོད་ཀྱི་དམངས་སྲོལ་ཕལ་ཆེར་བ་ཞིག་མི་ཤེས་པའི་གནས་སུ་གྱུར་འདུག་པའི་ཚོར་བ་ང་རང་མོ་དང་ལྷན་དུ་བསྡད་པའི་ཟླ་ཕྱེད་ཅིག་གི་རིང་ལ་ངང་གིས་ཤེས་སོང་།སྐལ་བཟང་སྐྱིད་ལ་མི་རིགས་རང་གི་དམངས་སྲོལ་ཀྱི་ཕྱོགས་ནས་ཆུ་ཚད་ཞན་པོ་ཡིན་པའི་ངང་ཚུལ་འདིའི་ཏག་ཏག་ང་ཚོ་བོད་ཀྱི་ནང་ལོག་དང་ཕྱི་འགྲིམས་སློབ་མ་མང་པོ་ཞིག་གི་ཟུར་གཅིག་མཐོང་ཐུབ།འདི་འདྲའི་འདྲིས་ཆེ་ལ་གཤིབ་རིང་བའི་དུས་ཚོད་དེའི་རྗེས་སུ་སྐལ་བཟང་སྐྱིད་དང་ངེད་གཉིས་སླར་ཡང་སོ་སོར་གྱེས་པའི་དུས་ཚོད་ཀྱི་མདའ་རྩེ་ལྡོག་མེད་དུ་བསླེབས་བྱུང་།དེ་ཡི་རྗེས་སུ་ང་རང་ཡང་སྐལ་བཟང་སྐྱིད་དང་མོའི་ཕ་ཡུལ་དང་བྲལ་ཏེ་རྒྱང་ཐག་ཤིན་ཏུ་རིང་བའི་ཁམས་ཕྱོགས་སུ་འགྲོ་དགོས་བྱུང་ཞིང་།མོའང་སྔར་བཞིན་གྲོང་ཁྱེར་གྱི་མི་ཚོགས་ཁྲོད་དུས་ཚོད་དང་ལོ་ཟླ་ཟད་པའི་དུས་ལ་བབས་སོང་།ལོ་ངོ་བདུན་པོ་འདིའི་རིང་སྐལ་བཟང་སྐྱིད་སློབ་ཆེན་ནས་མཐར་ཕྱིན་པར་མ་ཟད།བྱ་བའི་ལས་རྐང་ལ་གསར་དུ་ཞུགས་པས་སྔོན་གྱི་བུ་མོ་གཞོན་ནུ་དེ་ནས་ལང་ཚོའི་གཟི་དཔལ་འབར་བའི་བུ་མོ་དར་མ་ཞིག་ཏུ་གྱུར་ཚར་འདུག།

ངས་གོང་དུ་སྨྲས་པ་བཞིན་མོ་ང་སར་ཡོང་རྒྱུ་ཡིན་ཚུལ་བཤད་པའི་ཁ་པར་དེ་གཏན་རྗེས།ངས་མོ་བསུ་བའི་གྲ་སྒྲིག་གི་ཚུལ་དུ་གྲོགས་པོས་ཕྱིན་པའི་འབྲི་འོ་དམ་བེ་གང་དེས་འོ་ཇ་ནུར་ནུར་རུ་ཞིག་བསྐོལ་ཅིང་།དེའི་རྗེས་སུ་འཁྱག་སྒམ་ལས་རྫོང་མཁར་ནས་ཉོས་ནས་ཡུན་རིང་མ་ལོན་པའི་ལུག་ཤ་རྐང་ཡུ་དེ་གྲི་ཡིས་མིའི་འཐེབ་ཆེན་འདྲ་བ་རེ་གཙབ་ཞིང་།ར་སྐོར་དཀྱིལ་གྱི་དོང་ནང་དུ་འཕངས་ཡོད་པའི་ཡུང་མ་དང་ཚོད་དཀར་ཆེ་བ་ཁ་ཚ་ལྗང་གུ་སྒོག་པ་བཅས་བླངས་ནས་གཙང་སེང་ངེ་བ་ཞིག་བཀྲུས་ཤིང་ཆེ་ཆུང་རན་པར་གཏུབས་ནས་ཁ་ལག་ཞིམ་པོ་ཞིག་བཟོ་བར་ལྟ་གོན་བྱས།ད་དུང་ལོགས་ཤིག་ཏུ་བྱ་སྒོང་འགའ་འང་རླངས་བཙོས་བྱས་པ་ཡིན།མོ་སྣེ་ལེན་བྱེད་སའི་ཁང་པ་རུ་ཅོག་ཙེ་གྲུ་བཞི་མ་ཞིག་བཞག་ཅིང་སྟེང་དུ་གོ་རེ་སྡེར་མ་གང་དང་།སིལ་ཏོག། སྲན་མ་རློན་པ་བཅས་སྐལ་བཟང་སྐྱིད་ཀྱི་ཕ་ཡུལ་ནས་མགྲོན་པོ་ཞིག་སྣེ་ལེན་བྱེད་པར་བཤམས་འོས་པའི་ཟས་སྣ་ཁ་ཤས་ཤིག་སྒྲིགས་ཤིང་ད་ནི་མོ་བསླེབས་སོང་ན་སྐད་ཆ་ཅི་ཞིག་བཤད་དགོས་པ་ལས་བརྩམས་ནས་མོའི་སྔོན་ཆད་ཀྱི་གཟུགས་བྱད་ལ་ལང་ཚོའི་དཔལ་ཡོན་གྱིས་བྱུགས་པའི་བུ་མོ་དར་མ་ཞིག་གི་གཟུགས་གཞི་ངས་རང་གི་མིག་མདུན་དུ་གསལ་གྱི་ལེར་རྟོག་བཟོ་བྱས་པ་ཡིན། མོའི་མགོ་སྐྲ་ལྷོ་ཁོ་རེ་ཡའི་བུ་མོ་དག་གི་སྐྲ་ཚུགས་ལྟར་བྱས་ནས་རྒྱབ་ཏུ་འཕངས་ཤིང་།སྐྲ་མདོག་ཡིད་ལ་འབབ་པའི་ཚོན་ཁ་ཞིག་ཏུ་བསྒྱུར་ཡོད་པར་རྟོག་བཟོ་བྱས།རིང་ཐུང་རན་པའི་གཟུགས་ཚད་དང་།དཔྲལ་བའི་ཐང་ཆེན་ན་རྒོད་པོ་ཞིག་ཐུར་དུ་འབབ་པ་ལྟ་བུའི་སྨིན་མ།དེ་ཡི་འོག་ཏུ་ཁྲ་ཆུང་གཟི་ཡི་མདངས་འཛིན་གྱི་མིག་ཟུང་། དེ་ལ་ད་དུང་སློབ་ཆེན་གྱི་སྐབས་ནས་གོན་ཡོད་པའི་ཤེས་ཡོན་པ་ཞིག་གི་ཚུགས་ཀ་འབུར་དུ་ཐོན་པའི་དབྱིབས་གྲུ་བཞི་ཅན་གྱི་མིག་ཤེལ།གཡུ་དང་བྱུ་རུ་གང་རུང་གིས་གཡས་གཡོན་གཉིས་སུ་དཔྱངས་བའི་རྣ་ལུང་།གཟེངས་ཀྱི་མཐོ་དམའ་རན་པའི་སྣ།མོ་ཤིན་ཏུ་མོས་པའི་མཆུ་རྩིས་བྱུགས་པའི་མཆུ།མོ་ཚང་གི་མི་རྒྱུད་དམ་ནང་མི་ཀུན་དང་མཚུངས་བའི་ཅུང་ཟད་རིལ་རིལ་ཅན་གྱི་མ་ནེ།དེ་ཡི་འོག་ཏུ་མཐོང་བ་ཙམ་གྱིས་བོད་རིགས་བུ་མོ་ཞིག་ཏུ་ཧ་གོ་ཐུབ་པའི་གཟུ་མིག་གསུམ་པའི་སྐེ་རྒྱན་ཞིག་དང་བཅས་འདི་ལྟར་བྱང་ཁོག་སྟོད་ནས་བརྩམས་ཏེ་བུ་མོ་དར་མ་ཞིག་གི་ལང་ཚོ་ཡོངས་སུ་མིག་ལམ་དུ་འཆར་བར་ཡོང་མོད།ཐམས་ཅད་བརྗོད་ན་རང་གི་ཀུན་སྤྱོད་མི་མཐུན་པ་ཞིག་དང་ཕན་ཚུན་གྱི་འབྲེལ་བ་ལ་བརྩི་བཀུར་གྱི་ཕྱིར་དུ་འདིའི་མཇུག་གི་སྐད་ཆ་མང་པོ་ཞིག་འབྲི་མ་སྤོབས་པར་བརྩེ་ལྡན་གྱི་ཀློག་པ་པོ་རྣམས་ཀྱིས་གུ་ཡངས་དང་བསམ་ཤེས་གནང་རོགས་ཞེས་ཀྱང་ཞུ་འདོད་བྱུང་སོང་།གཞན་ཀློག་མཁན་རྣམས་ཀྱིས་ཀྱང་རང་རང་གི་མིག་ནང་དུ་བུ་མོ་སྐལ་བཟང་སྐྱིད་ཀྱི་ལང་ཚོ་དེ་མཐའ་གཉིས་སུ་མ་ལྷུང་བ་ཞིག་འབྲི་རྒྱུ་ནི་རྩོམ་མཁན་བདག་གི་རེ་བ་ཉག་གཅིག་དངམོ་ལ་གུས་བཀུར་དང་བརྩི་འཇོག་ཞིག་ཀྱང་བྱེད་བསམ་པ་ཡིན་ནོ།། 


  • ལེ་ཚན་སྔོན་མ།:བུད་མེད་ཀྱི་ལས་དབང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།