སྲིང་ཆུང་མ་སྲིད་གཅེས་ལ་སྤྲིངས་པ།

སྒོ་སྤྲེལ་ངེས་དོན།        2023-12-04

སྙིང་གི་སྲིང་ཆུང་སྐུ་ཁམསས་བཟང་ལགས།

ཉེ་ལམ་སློབ་སྦྱོང་དང་འཚོ་བའི་ཕྱོགས་ནས་ཅི་འདྲ་འདུག། བདེ་ཐང་ངང་ཡོད་དམ།

དེ་རིང་ཕུ་བོ་ངས་སྲིང་ཆུང་ཁྱེད་ལ་བཅོས་མིན་གྱི་སེམས་འདུན་ཞིག་གིས་འཕྲིན་ཡིག་ཅིག་འབྲི་བར་འདོད་སོང་། སྲིང་ཆུང་ལགས། མི་ཞིག་ལ་མཆོན་ན་ལང་ཚོའི་དུས་སྐབས་ནི་ཞོགས་པའི་ཉི་གཞོན་དང་འདྲ་བར་ཤིན་ཏུ་མཛེས་སྡུག་ལྡན་པ་ཞིག་ཡིན་པས་ཁྱོད་རང་ནར་སོན་གྱི་ལོ་ཟླའི་གོ་རིམ་འདི་རུ་བདེ་བླག་ངང་སླེབས་པར་ཕུ་བོ་ངས་སྙིང་ཐག་པ་ནས་བཀྲ་ཤིས་རྟེན་འབྲེལ་ཞུའོ།། ན་ཚོད་ཀྱིས་ཟིན་པའི་ཐེམ་སྐས་རེ་རེ་ན་ཁྱོད་ལ་ངང་སྒུག་དང་། འབད་ཕྱོགས། ཕུགས་འདུན་དང་སྒུལ་ཤུགས། རེ་བ་དང་ཡིད་ཆེས་ཀྱིས་མཚོན་པའི་ལམ་ཁ་མང་པོ་ཞིག་ཡོད་པས་དགའ་བ་དང་སྤྲོ་བའི་ངང་ནས་དང་དུ་བཞེས་པར་ཕུ་བོ་ངས་ཡིད་སེམས་གཏིང་ནས་ཁ་གཡང་དང་རླུང་རྟ་མཆོད་བཞིན་ཡོད། དེ་བས་མི་ཚེ་ནི་གོ་རིམ་མང་ཞིང་སྣ་འཛོམས་རང་བཞིན་ཅན་གྱི་ལམ་ཆེན་ཞིག་དང་འདྲ་བས་ཁྱོད་རང་ནོངས་འགྱོད་དང་གདུང་ཡུས། སེམས་འཚུབ་དང་གསང་དོགས་ཅི་ཡང་མེད་པར་ཡིད་ཆེས་བརྟན་པོས་རང་ཉིད་ལ་དབང་བའི་ལམ་དུ་ཞུགས་དང་ཁྱོད་ལ་དབང་ཆོག་ཆོག་པའི་མདུན་ལམ་དང་རྒྱལ་ཁ་ཡོད་ངེས།

སྲིང་ཆུང་ལགས། ལོ་ཟླ་མང་པོའི་བསགས་འབྲས་ལས་ཁྱོད་ལ་ཡིད་ཆད་དང་འཁང་ར་སྟེར་མི་སྲིད་ཁོ་ཐག་ཡིན། རྒྱུ་དང་འབྲས་བུ་ནི་རྟེན་འབྲེལ་ཉིད་དུ་གཏན་ཚིགས་སུ་ངེས་པས་གཟི་བྱིན་འབར་བའི་རྒྱལ་ཁ་དང་རེ་བའི་འབྲས་བུ་ཁྱོད་ལ་ཐོབ་ངེས་ཡིན། ང་ཚོ་ནི་རིམ་བཞིན་འཕེལ་རྒྱས་སུ་འགྲོ་བའི་གཞི་རྟེན་དེ་ཡིན་པས་མཛེས་སྡུག་ལྡན་པའི་བརྒྱུད་རིམ་ནི་གཏན་དུ་ཡལ་རྒྱུ་མེད་པའི་རྡོ་རིང་ལྟ་བུ་ཞིག་ཏུ་མི་ཚེའི་ལེའུ་རུ་བཀོད་ཡོད་པས་ཁྱོད་རང་རྒྱུ་དེ་ལས་འབྲས་བུ་རྣམ་པར་རྒྱལ་བ་ཐོབ་པའི་རྟེན་འབྲེལ་ཡོད། སྲིང་ཆུང་ལགས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཞལ་སྔ་ལས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང་།། ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས།། ངང་པས་ཆུ་ལས་འོ་མ་ལེན་པ་ལྟར།། རང་གི་འདོད་པ་དང་དུ་བླངས་བར་རིགས།། ཞེས་གསུངས་པ་བཞིན་རིང་ལ་ཐུང་བའི་མི་ཚེ་འདིར་ཤེས་བྱའི་རྣམ་གྲངས་ནི་ཤིན་ཏུ་ནས་ཀྱང་མང་བས་ཁྱོད་རང་རང་གི་འདོད་པ་དང་ཕུགས་བསམ་ལྟར་དུ་མཐའ་མེད་པའི་ཤེས་བྱའི་སྐྱེད་ཚལ་དུ་མུ་ནས་མུ་རུ་བསྐྱོད་པའི་སྨོན་འདུན་ཞུ།

སྲིང་ཆུང་ལགས། ཕུ་བོ་ང་དང་འདྲ་བར་ཁྱོད་ཀྱི་རྒྱལ་ཁ་དང་གཟི་བརྗིད་ལ་རེ་བས་ངང་སྒུག་བྱེད་མཁན་གྲངས་ལས་འདས་པ་ཞིག་ཡོད་པས་འུ་ཚོས་དུས་གཏན་དུ་ཁྱོད་རང་ཡར་རྒྱས་ཡོང་བའི་སྨོན་ལམ་འདེབས། འབད་བརྩོན་དང་གྲ་སྒྲིག་ནི་མི་ཞིག་ལ་མཚོན་ན་རྒྱལ་ཁ་ཐོབ་པའི་སྔོན་འགྲོ་གལ་ཆེན་དེ་ཡིན་པས་ཉིན་ཞག་ག་ཚོད་ཡོད་ཀྱང་ཁྱོད་ཀྱིས་འབད་པ་བྱེད་རོགས་དང་ལྷ་དཀོན་མཆོག་གིས་ཁྱོད་ལ་ཆུད་ཟོས་སུ་གཏོང་མི་སྲིད། སྲིང་ཆུང་ལགས། དེ་དག་ཡོད་ཚད་འཐོབ་བྱའི་གཞི་རྟེན་ངོ་མ་ནི་ལུས་སེམས་བདེ་ཐང་གི་རྣམ་རིག་ཡིན་པས། རང་ལུས་བདག་གཅེས་དང་དུས་ཀུན་རྣམ་དཀར་བཟང་སྤྱོད་ནི་ཨང་དང་པོ་ཡིན་པས་ཁྱོད་རང་བདེ་མོ་སྐྱིད་པོ་ཡོང་བའི་བཀྲ་ཤིས་བདེ་ལེགས་ཞུ།

སྲིང་ཆུང་ལགས། མཐར་ཁྱོད་དང་ཁྱོད་འདྲ་བའི་གཞོན་སྐྱེས་རེ་བ་ཅན་ཚོ་གཡང་གིས་སྲུང་། གནམ་གྱིས་སྲུང་། ཅི་བསམ་དོན་འགྲུབ་ཤོག། ཁ་ལས་དགེ་ཤིང་རླུང་རྟ་དར་ནས་རང་ཉིད་ཀྱི་འདོད་འདུན་ལྟར་དུ་ཡང་དག་པའི་སློབ་ཆེན་དུ་བསྐྱོད་པར་བཀྲ་ཤིས་སྨོན་འདུན་ཞུ། རེ་བའི་མི་ཤུགས་རྒྱོབས། ཤུགས་རྒྱོབས། ཡིད་ཆེས་ཡོད།



  • ལེ་ཚན་སྔོན་མ།:དེ་རིང་གི་ཞོགས་པ་ནི་རྒྱུན་ལྡན་ཞིག་རེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།