ངས་ཁྱེད་ཅག་ལ་འདི་ལྟར་དགོངས་དག་ཞུ་ན་འདོད།

ཞོགས་རྫ་རྔ།        2023-11-01

ང་ཡི་མིང་ནས་མ་འབོད་རོགས། ཚེ་སྲོག་གི་གས་ཆག་ལས་ངས་རང་ཉིད་ཀྱང་བོར་ཟིན་འདུག་པས། ཁྱོད་ལ་བཤད་པའི་གནས་ལུགས་ཐམས་ཅད་སྐྱག་རྫུན་ཉིད་དུ་ཟད། མི་ཚེ་སྨུག་ལོང་མའི་རི་དྭགས་ཁེར་རྐྱང་བཞིན། ཁྱོད་ཀྱི་སྡུག་བསྔལ་གྱི་འོ་དོད་མ་ཐོས་པ་ག་ལ་ཡིན་ཏེ། སྐད་ཆ་རེ་རེར་རྣམ་འགྱུར་རེ་རེ། བརྗོད་མི་ཐུབ་པའི་ལྐོག་གྱུར་གྱི་ན་ཟུག་ཡིན་ཨང་།

འོན་ཀྱང་བརྩེ་བ་ཁོ་ནས་འོད་སྣང་སྦྱིན་མི་ཐུབ་པས། ང་ཡི་མིང་ནས་མ་འབོད་རོགས། སེམས་ཀྱི་སྲུབས་ཀ་ནས་མཆེད་པའི་སྡུག་བསྔལ་གྱི་མེ་དཔུང་དང་། མིག་ཆུའི་བཞུར་རྒྱུན་ལས་རྙེད་པའི་ན་ཟུག་གི་འཁྱག་གོང་དག་ངས་ཁྱོད་ལ་འགྲེལ་བཤད་བྱེད་མི་ཐུབ།

ང་ཡི་མིང་ནས་མ་འབོད་རོགས། ངས་མེ་ཏོག་གི་ཞྭ་མོ་བསླས་པའི་དབྱར་ཁ་རྨི་ལམ་དུ་སྒོམ་པ་མང་དྲགས་པས། འཁྲུལ་སྣང་དང་རྟོག་བཏགས་ལས་ཚེ་སྲོག་གི་སྙིང་པོ་མི་མངོན་པ་དགོངས་དག་ཞུ། ངས་ཐ་སྙད་ཀྱི་འཆོར་ལྭས་སྤྲས་པའི་བུ་མོ་རྐྱལ་སྟོང་ཞིག་ངོ་སྤྲོད་བྱས་པའང་དགོངས་དག་ཞུ། སྐྱེ་བ་ཐེངས་ཤིག་གི་རྟག་བརྟན་གྱི་ལང་ཚོ་ངས་ཁྱོད་ལ་འབུལ་མ་ཐུབ་པའི་བདེ་སྐྱིད་ཡིན།

ང་ཡི་མིང་ནས་མ་འབོད་རོགས། ལུས་སྲོག་གི་སྙིང་པོ་དང་། གསོན་པའི་དཀའ་སྡུག། འགྱུར་ལྡོག་གི་ལ་ལུང་བརྒྱུད་དེ་དགའ་སྐྱོའི་སྒང་གཤོང་གཉིས་ལས་ཅི་ཞིག་རྙེད་དམ། ངས་ཁྱོད་ལ་མི་ཚེ་ནི་འདིའོ་ཞེས་འགྲེལ་བཤད་བྱེད་མ་ཐུབ་པ་དགོངས་དག་ཞུ། ཨེ། ཁྱོད་ཀྱིས་ཅི་ཞིག་གསར་དུ་ངོ་ཤེས་པ་ཡིན་ནམ། བདེན་པ་དང་མཛེས་པ་མིན་པའི་ལྐོག་གྱུར་ཅི་ཞིག་མངོན་དུ་གྱུར་པ་ཡིན་ནམ། འདྲ་མཉམ་མིན་པའི་སྣང་ཚུལ་འདིས་ཁྱོད་ལ་ཕངས་སེམས་ཅི་ཞིག་བྱིན་པ་ཡིན་ནམ།

ང་ཡི་མིང་ནས་མི་འབོད་རོགས། ད་ལྟ་ངས་ཁ་གཡང་ཙམ་ལས་ཁྱོད་ཀྱི་འཚོ་བའི་ཁ་དོག་ལ་གསོན་ཤུགས་སྤྲད་མི་ཐུབ། ཆ་ཡོད་ནས་ཆ་མེད་དང་ཆ་མེད་ནས་དགོས་མེད་གྱུར་པའི་འཕོ་འགྱུར་འདིས་ང་ལ་སྐྱོ་ངལ་ལྷག་མ་ཞིག། དེ་བས་ད་ནི་བདེ་མོར་འཇོག་པ་ཞུ། ཁོང་ཁྲོ་དང་སྐྱེལ་མ་མེད་པར་མི་ཚེའི་འཇའ་ཚོན་ཤར་ཚུལ་དང་ཡལ་ཚུལ་ལའང་ལོབ་ཆོག་པ་ཞུ།།

ང་ཡི་མིང་ནས་མ་འབོད་རོགས། ང་ལ་གཏམ་རྒྱུད་ཅིག་གི་མཇུག་བསྡུ་བའི་ནུས་པ་མེད། དཔྱིད་ཀ་ལྟ་བུའི་ལང་ཚོ། འཇའ་ཚོན་ལྟ་བུའི་འཛུམ་མདངས་ལ་མེ་ཏོག་ལྷུངས་ནས་སྦྲང་མ་ཤི་བའི་ནམ་ཟླ་ཡོད་པ་མ་ཚོར་རམ། དག་སྣང་གི་མཛེས་སྤྲས་དང་ཡིད་ཆེས་ཀྱི་རྒྱན་གོས་ད ནམ་ཞིག་ཁྱོད་ཀྱི་ཁུར་པོ་ལྷག་མ་ཞིག། རང་སེམས་གསར་བརྗེའི་ཁྲོད་ཀྱི་གད་སྙིགས་སུ་འགྱུར་ན་གཏམ་རྒྱུད་མཇུག་མེད་མ་གཏན་དུ་རྫོགས་པ་མིན་ནམ།

དེ་བས་ང་ཡི་མིང་ནས་མ་འབོད་ཅིག། ས་སྲོད་ཀྱི་ཕྱེ་མ་ལེབ་སྡུ་གུར་བཀྲ་བའི་གཤོག་ཟུང་གི་རི་མོ་མི་མངོན་པར་འཁང་ར་མ་བྱེད་རོགས། རང་གི་གནས་ཚང་ཀྱང་བོར་ཟིན་པས་ཁྱོད་ལ་ཡུལ་ལོག་གི་ལམ་ཡིག་འབྲི་ཐབས་མི་འདུག། སྤྲིན་གྱི་བང་རིམ་བརྟོལ་བའི་ཆར་ཐིགས་རེ་རེ། ས་གཞིར་མཛེས་སྡུག་གི་ཁ་དོག་སྐྲུན་མཁན་ཡིན་ཡང་། ཀྱེ་མ་སྟོན་མཇུག་གི་སྡོང་ལོ། སུ་ཞིག་གི་བརྩེ་བའི་རུམ་དུ་གསོན་མྱོང་བའི་ཕྱིར་དྲན་མཐའ་དག། བཟོད་དཀའ་བའི་ཁོང་ཁྲོའི་མིག་ཆུར་འགྱུར་ན་ཇི་ལྟར་བྱའམ།

ཁྱོད་ཀྱིས་རང་དབང་གི་འཚོ་བ་གསར་པ་ཞིག་རོལ་རྒྱུ་ཟེར། མི་ཚེའི་རྨི་ལམ་ཞིག་གི་འགོ་བརྩམ་རྒྱུ་ཟེར། སྐད་ངག་འདར་དུས་སེམས་པ་ཡང་འདར་བཞིན་འདུག་ཨང་། འོན་ཀྱང་ངས་ཁྱོད་ལ་སྐྱོ་སྡུག་གི་ཚོར་བ་འདི་ཁོ་ན་ལམ་རྒྱགས་སུ་བྱིན་པ་ལས། ང་ནི་ཁྱོད་ཀྱི་བདེ་སྐྱིད་ཀྱི་སྟོན་པ་ཡིན་མ་ནུས་པ་དགོངས་དག་ཞུ།

ཁྱོད་ཀྱིས་མི་ཚེ་མདངས་འཚེར་བའི་མེ་ལོང་ཞིག་མ་རེད་ཟེར། ཐག་རིང་གི་སྨིག་སྒྱུའི་འཛུམ་བག་རྒོད་པའི་མྱ་ངན་ཐང་ཆེན་ཞིག་དང་འདྲ་ཟེར། འོན་ཀྱང་ངས་རང་ཉིད་མེ་ཏོག་དང་ཆར་ཐིགས་སུ་སྤྲུལ་ཏེ་ཁྱོད་ཀྱི་ནང་སེམས་སུ་བཞད་མྱོང་བའི་རྟོག་བཟོ་མཐའ་དག་ད་ལྟ་སྡུག་བསྔལ་འོན་ལྐུགས་ཤིག་ཏུ་གྱུར་ཟིན་པའང་དགོངས་དག་ཞུ། ཐེངས་ཤིག་གི་གྱེས་བྲལ་ནི་སྐྱེ་བ་འདིའི་གཏན་བྲལ་མིན་པའི་ངེས་པ་མི་འདུག་ཨང་།

ཁྱོད་ཀྱི་དྲན་ངོགས་སུ་ལོ་ཟླས་བཞག་པའི་ཞེ་སྨྲེང་ཅི་ཞིག་ཡོད་དམ། སྡུག་བསྔལ་ལས་སྐྱེས་པའི་ཁོང་ཁྲོས་ང་ཡི་བརྩེ་བའི་ཤིང་ལོ་མ་བསྲེག་རོགས། ད་ནི་ཁྱོད་ཀྱི་ནམ་ཟླ་སྟོན་མཇུག་ཡིན་པས་ང་རང་གསོན་མདངས་བཀྲ་བའི་འདབ་ལོའི་ཚུལ་དུ་བཞད་མ་ནུས་པའང་དགོངས་དག་ཞུ།

ལོ་ཟླ་འགྱུར་ཟིན་པས་འཚོ་བ་ཡང་གྱུར་འདུག། བྱད་གཟུགས་གྱུར་བས་མ་ཟད་སེམས་ཀྱི་འཇིག་རྟེན་གཞན་ཞིག་ཀྱང་གྲུབ་ཚར་འདུག། དེ་དུས་བྱིས་པའི་རྩེད་ཆས་ལྟ་བུའི་སྔོན་ཆད་ཀྱི་ཡོད་ཚད་དོར་འདུག་ཨང་། ད་ནི་སྡང་སེམས་དང་སྐྱེལ་མ་མེད་པར་འདོར་རོགས་གནང་། ང་ཚོར་རྟག་བརྟན་གྱི་ལོངས་སྤྱོད་ཅིག་ཅིས་ཀྱང་མི་འདུག།

ང་ཡི་མིང་ནས་མ་འབོད་རོགས། ད་ལྟ་ངས་རང་ཉིད་ངལ་རྩོལ་པ་ཞིག་གམ་གླ་པ་ཞིག་ཡིན་ན་སྙམ་ཡོད། ལྐོག་གྱུར་གྱི་གནས་ལུགས་ཐམས་ཅད་གཏིང་བརྗེད་དུ་གྱུར་ཏེ། རང་ཉིད་མཐའ་ཡས་པའི་འཇིག་རྟེན་འདིའི་སྲོག་ཆགས་ཕལ་པའི་ཕལ་པ་ཞིག་ཡིན་ན་འདོད་ཡོད། སུ་དང་གང་གིས་རེ་ལྟོས་ཀྱི་མིག་མི་ཐོགས་པའི་དབུགས་ལྒང་ལྟ་བུའི་མི་ཞིག་ཡིན་ན་སྙམ་ཡོད།

ང་ཡི་མིང་ནས་མ་འབོད་རོགས། ངས་ཞེ་སྨྲེང་དང་མིག་ཆུས་བཀྲུས་པའི་ཕོར་པ་ཁྱོད་ཀྱི་ཟས་སྡེར་འབུལ་མི་འདོད། བཀྲེས་པས་མནར་བའི་གཞིས་ཀར་སྤྲང་གོག་གི་ཚོར་བའི་ཕྱི་ནད་ཁྱོད་ལ་བསྟན་མི་འདོད། ངའི་ནང་སེམས་ཀྱི་བྱིས་པ་དམར་འབྱར་ཁྱོད་ཀྱི་ཁུར་པོ་ཞིག་ཏུ་འགྱུར་མི་འདོད་ཨང་།

ང་ཡི་མིང་ནས་མ་འབོད་རོགས། ངས་གཟུགས་མེད་ཀྱི་ལག་ཟུང་བརྐྱངས་ནས་གནམ་མཐའི་འཇའ་ཚོན་གྱི་ཁ་དོག་ཁྱོད་ཀྱི་གྱོན་གོས་སུ་འབུལ་མ་ཐུབ། ངས་བྱང་ཆུབ་ལྗོན་ཤིང་གི་ལོ་འདབ་བསྒྲུགས་ནས་འཁོར་བའི་ཚ་གདུང་སེལ་བའི་གནས་ཚང་ཞིག་ཀྱང་ཁྱོད་ལ་འབུལ་མ་ཐུབ། ངས་བརྩེ་བ་དང་ཤེས་རབ་ཀྱི་སྦྱོར་མཐུད་ལས་ཁྱོད་ལ་ཡངས་ཤིང་ཆེ་བའི་མདུན་ལམ་ཞིག་ཀྱང་བཀོད་སྒྲིག་བྱ་མ་ཐུབ། ད་ནི་ངས་ཁྱོད་ལ་དགོངས་དག་ཞུ་བ་ལས་གཞན་ཅི་ཡོད་ཨང་།



  • ལེ་ཚན་སྔོན་མ།:གཡུ་ཡི་སྒྲོན་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།