ལྷ་གྲུ་ཨང་བཅུ་བདུན་པའི་མི་ཞུགས་འཕུར་གྲུ་འཕེན་གཏོང་ལམ་ལྷོང་བྱུང་བ།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2023-11-01

——རང་རྒྱལ་གྱི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་ཀྱི་འཕེན་གཏོང་ལས་འགན་ཁག30ཚང་མ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ།

ལྷ་གྲུ་ཨང་བཅུ་བདུན་པའི་མི་ཞུགས་འཕུར་གྲུ་འཕེན་གཏོང་ལམ་ལྷོང་བྱུང་བ།
འདི་ནི་སྤྱི་ཟླ10པའི་ཚེས26ཉིན། པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ནས་པར་བརྒྱབ་པའི་ལྷ་གྲུ་ཨང་བཅུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་པ་དང་ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པའི་མཉམ་པར་རེད།

ཞིན་ཧྭ་གསར་འགྱུར་ཁང་ཅིའུ་ཆོན་ནས་སྤྱི་ཟླ10པའི་ཚེས26ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ10པའི་ཚེས26ཉིན་གྱི་ཆུ་ཚོད11དང་སྐར་མ14ཙམ་ལ། ལྷ་གྲུ་ཨང་བཅུ་བདུན་པའི་མི་ཞུགས་འཕུར་གྲུའི་རྒྱང་སྐྱོད་ཨང་གཉིས་པའི་རྒྱང་ཚོར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའFདེ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་མེ་སྤར་ཏེ་མཁའ་དབྱིངས་སུ་འཕེན་གཏོང་བྱས་ཤིང་། སྐར་མ10ཙམ་སོང་རྗེས་ལྷ་གྲུ་ཨང་བཅུ་བདུན་པའི་མི་ཞུགས་འཕུར་གྲུ་དང་མེ་ཤུགས་འཕུར་མདའ་བདེ་བླག་ངང་ཁ་གྱེས་ནས་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་སླེབས་པ་དང་། འཇིག་རྟེན་འཕུར་སྐྱོད་པའི་གནས་ཚུལ་ལེགས་ལ་འཕེན་གཏོང་ལམ་ལྷོང་བྱུང་བ་རེད།

འཕུར་གྲུའི་འཁོར་ལམ་དུ་སླེབས་རྗེས། སྔོན་གཏན་འཁེལ་བའི་གོ་རིམ་ལྟར་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་ཕུང་པོ་དང་རང་རྟེན་ངང་མགྱོགས་མྱུར་འབྲེལ་མཐུད་བྱ་རྒྱུ་དང་། ལྷ་གྲུ་ཨང་བཅུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་པས་ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པ་དང་འཁོར་ལམ་ཐོག་བརྗེ་རེས་བྱ་རྒྱུ་རེད། བར་སྣང་ས་ཚིགས་སུ་ལས་ཀ་དང་འཚོ་བ་སྐྱེལ་རིང་། ལྷ་གྲུ་ཨང་བཅུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་པས་གྲུ་ཚང་ནས་དོན་པའི་བྱེད་སྒོ་ཐེངས་མང་སྤེལ་ཏེ། ལྗིད་ཤུགས་ཕྲ་མོའི་རྨང་གཞིའི་དངོས་ཁམས་དང་། བར་སྣང་རྒྱུ་ཆའི་ཚན་རིག། བར་སྣང་གི་ཚེ་སྲོག་ཚན་རིག། འཇིག་རྟེན་འཕུར་སྐྱོད་གསོ་རིག། འཇིག་རྟེན་འཕུར་སྐྱོད་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་བར་སྣང་ཚན་རིག་ཚོད་ལྟ་འབོར་ཆེན་བྱས་ནས་གྲུ་ཚང་ཕྱི་ནང་གི་སྒྲིག་ཆས་སྒྲིག་སྦྱོར་དང་། ཚོད་ལྟ་སྙོམས་སྒྲིག། སྲུང་སྐྱོང་ཉམས་གསོ་སོགས་ཀྱི་ལས་འགན་ཁག་ལེགས་སྒྲུབ་བྱ་རྒྱུ་རེད།

ད་ཐེངས་ཀྱི་ལས་འགན་ནི་རང་རྒྱལ་གྱི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་དེ་བར་སྣང་ས་ཚིགས་ཀྱི་ཉེར་སྤྱོད་དང་འཕེལ་རྒྱས་དུས་མཚམས་སུ་སླེབས་པའི་མི་ཞུགས་འཕུར་སྐྱོད་ལས་འགན་ཐེངས་གཉིས་པ་དེ་ཡིན་པ་དང་། འདུ་འགོད་རྣམ་གྲངས་བཙུགས་ནས་ལག་ལེན་བསྟར་ཚུན་གྱི་འཕེན་གཏོང་ལས་འགན་ཐེངས30པ་དེ་ཡིན་ལ། རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་བྱེད་ཐེངས493པའང་ཡིན་པ་རེད།

མིག་སྔར། བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་ཕུང་པོ་དེ་སྦྲེལ་མཐུད་འཁོར་ལམ་དུ་སླེབས་པ་དང་ལས་ཀའི་རྣམ་པ་ཡག་པོ་ཡོད་པས། ལྷ་གྲུ་ཨང་བཅུ་བདུན་པའི་མི་ཞུགས་འཕུར་གྲུ་འབྲེལ་མཐུད་དང་འཇིག་རྟེན་འཕུར་སྐྱོད་པ་བཅའ་སྡོད་བྱེད་པའི་ཆ་རྐྱེན་གྱི་དགོས་མཁོ་བསྐངས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།