རྟའུ་གནས་ཆེན་རྨོག་མཐོ་ངོ་སྤྲོད།

རྟའུ་རྒྱལ་མཚན་གྱིས་བྲིས།        2023-10-31

རྟའུ་གནས་ཆེན་རྨོག་མཐོ་ངོ་སྤྲོད།

    རྨོག་མཐོ་ཞེས་པའི་གནས་འདི་ནི་རང་ཅག་རྟའུ་བ་ལ་མཚོན་ན་ཧ་ཅང་གལ་འགང་ཆེ་བའི་ལོ་རྒྱུས་ལྡན་པའི་གཞི་བདག་རྩ་ཆེན་ཞིག་སྟེ། རི་མཐོ་ཞིང་ས་གཙང་ལ་ཧ་ཅང་བརྗིད་ཉམས་ཅན་གྱི་རི་བོ་ཞིག་ཡིན། གནའ་སྔ་མོ་གངས་རི་ཡིན་ཡང་ཕྱིས་སུ་གོ་ལའི་དྲོད་ཚད་མཐོ་རུ་སོང་བས་རིམ་བཞིན་གངས་ཞུས་ནས་རི་རྩེ་རྫ་རི་དང་རི་ཞོལ་ནགས་ཀྱིས་བསྐོར་བ་ཞིག་ཏུ་གྱུར་བ་ཡིན། གནས་འདི་རྟའུ་ཉི་མཚོ་དགོན་པའི་ལྷོ་ནུབ་ཕྱོགས་སུ་ཡོད་པ་དང་། གཡས་ཕྱོགས་སུ་རྟའུ་གཞི་བདག་ནས་དེའུ་ཕྱུག་མོ་ཡོད། རྨོག་མཐོ་ལ་ལོ་རྒྱུས་ཅང་རིང་པོ་ཡོད་པ་སྟེ་ད་ལྟའི་རྟའུ་ཉི་མཚོ་དགོན་པ་ཆགས་ཡོད་པའི་ས་དེར་དེའི་སྔོན་ཆད་གཡུང་དྲུང་རྒྱལ་མཚན་ཞེས་འབོད་པའི་བོན་པོ་དགོན་པ་ཞིག་ཡོད་ལ། དགོན་པ་དེའི་མིང་ལ་ད་བར་དགོན་རྙིང་ཁང་ཚན་ཞེས་འབོད་ལ་གནའ་ཤུལ་ཡང་མཇལ་རྒྱུ་ཡོད། ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་བོན་པོ་བླ་མ་སར་ཕེབས་ནས་ཁོང་ལ་དགེ་ལུགས་དགོན་པ་བཏབ་སའི་ས་ཆུང་ཆུང་ཞིག་གནང་དགོས་རབས་ཞུས། བོན་པོ་གཡུང་དྲུང་རྒྱལ་མཚན་གྱིས་མཚན་མོ་དེར་རྨི་ལམ་ནང་ཁོང་གི་ལྡེ་མིག་ཚང་མ་རྨོག་མཐོ་ལ་འཕུར་སོང་བ་རྨིས། དེ་ནས་ཁོང་གི་རྟེན་འབྲེལ་ཡག་པོ་བྱུང་མ་སོང་དགོངས་ནས་དགོན་རྙིང་ཁང་ཚན་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ལ་ཡོངས་སུ་ཕུལ་ནས། ཁོ་རང་གནས་རྨོག་མཐོ་ལ་ཕེབས་ནས་བོན་པོ་དགོན་པ་ཞིག་ཕྱག་བཏབ་ནས་ས་དེར་བཞུགས། ད་བར་ས་དེར་ཕེབས་ན་བོན་པོ་དགོན་པའི་གནའ་ཤུལ་མཇལ་རྒྱུ་ཡོད། 

    བོད་ཀྱི་ལོ་སར་སྐབས་སུ་ས་གནས་མང་ཚོགས་རྣམས་མཚན་མོ་གནས་དེར་སོང་ནས་མཚན་བསྐྱལ་སྲོལ་ཡོད་པ་དང་། སྔ་མོར་བསང་མཆོད་འབུལ་བ་དང་རི་བསང་རླུང་རྟ་སོགས་བྱས་སྲོལ་ཡོད་པ་རེད། གནས་དེའི་བསང་མཆོད་ཡི་གེ་ཡོད་པ་ནི་འདི་ལྟར།།

   ༄༅། །མདོ་སྨད་རྟའུ་རུ་གཞི་བདག་རྨོག་མཐོའི་བསངས་མཆོད་འདོད་དོན་ལྷུན་འགྲུབ་གྱི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།

   ༄༅། །འདིར་བསངས་མཆོད་བཏང་པར་འདོད་པས། ཇ་ཕུ་ཆང་ཕུ་འོ་ཞོ་ཕྱེ་མར་འབྲུ་སྣ་དར་སྣ་མེ་ཏོག་སྣ་ཚོགས་བཅས་འབྱོར་པ་ཅི་ཡོད་བཤམ་ནས་བསངས་ཤིང་སྣ་ཚོགས་ཀྱིས་དུ་བ་བཏང་ལ། སྐྱབས་འགྲོ་སེམས་སྐྱེད་ཚད་མེད་བཞི་སོགས་བརྗོད། དེ་ནས་རང་ཉིད་ཡིད་དམ་དུ་གསལ་བའི་ངང་ནས། །རཾཾཾ༔ཡཾ༔ཁཾ༔ཨོཾ་ཨཱ༔ཧཱུཾ༔ ཞེས་ལམ་གསུམ་གྱིས་བྱིན་རླབས་བྱས།  ཀྱཻ༔ མདུན་དུ་རིན་ཆེན་མར་རྒད་མདོག་འདྲ་བའི། རི་བོ་མཆོག་མཛེས་ནགས་ཚལ་ར་བས་བསྐོར། དེ་སྟེང་རྫ་རི་ཤིན་ཏུ་འཇིག་རྔམ་དབུས།

    ༄༅།། རིན་ཆེན་ལས་གྲུབ་ཕོ་བྲང་ཆེན་པོའི་ནང་། སྤྲིན་དཀར་གཡོ་འདྲའི་རྟ་མཆོག་རྒྱན་སྟོང་སྤྲས། སྲབ་དང་གོང་སྙད་རང་གྲུབ་རྒྱན་གྱིས་སྤྲས། ལྷ་ཆེན་དཔའ་བོ་རྨོག་མཐོ་སྐུ་མདོག་དཀར། སྐུ་ལ་གསེར་ཁྲབ་དབུ་ལ་གསེར་རྨོག་གསོལ། ཕྱག་གཡས་དར་མདུང་གཡོན་པ་ནོར་བུ་འཛིན། སྟག་རལ་གཡས་དང་གཟིག་ཤུབ་གཡོན་དུ་འཆང་། གདུག་ཅན་སྲོག་རྩ་གཅོད་བྱེད་རལ་གྲི་བསྣམས། སྐར་མདའ་གཡུ་འབྲུག་ཞོན་ཅིང་གནམ་ལྕགས་ཐོག ། ཕྱོགས་བཞིར་འཕན་ཅིང་བསྟན་དགྲ་ཐལ་བར་བརླག། བཙུན་མོ་སྲས་བློན་དམག་དཔོན་ཚོགས་ཀྱིས་བསྐོར། གར་བཞུགས་རྡོ་རྗེའི་ཕོ་བྲང་སོ་སོ་ནས། སྤྱན་དྲུང་པདྨའི་གདན་ལ་བཞུགས་པར་གྱུར།  །ༀ་རང་བཞིན་རྣམ་དག་གདོད་ནས་ཆོས་སྐུའི་ཀློང་། འགགས་པ་མེད་པའི་རང་སྣང་མཐའ་ཡས་ལ། བྱུང་བའི་ཕྱི་ནང་དམ་རྫེས་མཆོད་པའི་སྤྲིན། གཞི་བདག་འཁོར་བཅས་དགྱེས་པ་བསྐྱེད་གྱུར་ཅིག །འདོད་ཡོན་སྣ་ལྔ་བཀྲ་ཤིས་རྫས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན་ལྷ་མིའི་དཔལ་འབྱོར་དང་། རྟ་གཡག་ར་ལུག་འདོད་འཇོ་བ་མོ་ཚོགས། སྟག་གཟིག་དོམ་དྲེད་འཕར་སྤྱང་གཅན་གཟན་སོགས། གཞི་བདག་རྨོག་མཐོ་འཁོར་དང་བཅས་ལ་འབུལ། དུས་མཐའ་བསྲེག་ཞུགས་རྩེགས་པའི་མེ་ནང་དུ། དྲི་ཞིམ་སྤོས་སྣ་བསྲེགས་པའི་དུ་བའི་སྤྲིན། ལྷ་ལམ་གང་དེ་འབུལ་བར་བཞེས་ནས་ཀྱང་། ཆར་ཆུ་དུས་འབེབས་ལོ་ཏོག་སྨིན་པར་མཛོད། ཇ་ཆུང་འོ་ཞོའི་ཕུད་ཀྱིས་མཆོད་པ་དང་། རོ་བརྒྱ་ལྡན་པའི་ལྷ་ཡི་ཞལ་ཟས་དང་། སྤངས་རྟོགས་སྦྱར་བྱེད་མཆོད་གཏོར་རྒྱ་མཚོ་ཚོགས། འབུལ་ཞིང་དགྱེས་པ་ཆེན་པོས་བཞེས་སུ་གསོལ། མདོར་ན་བདག་ཅག་འཁོར་དང་བཅས་པ་ཀུན། གཞི་ལམ་འབྲས་གསུམ་གར་འགྲོ་གར་འདུག་ཀྱང་། དགྲ་ཇག་ཆོམ་རྐུན་འཇིགས་པའི་གནོད་པ་ཀུན། མྱུར་དུ་ཞི་བའི་འཕྲིན་ལས་སྒྲུབ་ཏུ་གསོལ། 

     གནམ་ལྕགས་ཐོག་དང་ལྕེ་འབེབས་འཇིགས་པ་དང་། སེར་བ་གཡུ་འབྲུག་སྒྲ་སྐད་དྲག་པོ་དང་། ཆུ་བོ་ཆུ་ཕྲན་གཅན་གཟན་འཇིགས་པའི་ཚོགས། མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། ཁྱེད་ལ་མཆོད་བསྟོད་གུས་པའི་བྱིན་རླབས་ཀྱིས། གཞི་ས་མི་ནོར་འཁོར་དང་བཅས་པ་རྣམས། བཀྲ་ཤིས་ཚེ་རིང་ཟས་ནོར་ལོངས་སྤྱོད་རྒྱས། གང་བསམ་མཐའ་དག་ལྷུན་གྱིས་འགྲུབ་པར་མཛོད།།


  • ལེ་ཚན་སྔོན་མ།: གནས་ཆེན་བཞག་བྲ་དཀར་མོའི་ངོ་སྤྲོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།